00:00
03:33
-
༄༅།། རྒན་དོན་གྲུབ་ལྷ་རྒྱལ་ལགས་ཀྱི་འཁྲུངས་ཡུལ་ནི་ནག་ཆུ་གཉན་རོང་རྫོང་ནས་ཡིན་པ་དང་། སྤྱི་ལོ་༡༩༨༦ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་ཆེད་ལས་ཚན་ཁག་ནས་སློབ་ཐོན་བྱུང་རྗེས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སྡེ་ཚན་ནང་ཞིབ་འཇུག་གི་ཕྱག་ལས་གནང་འགོ་ཚུགས་པ་དང་། སྤྱི་ལོ་༡༩༩༦ལོར་ཡོ་རོབ་ནོར་ཝེ་རྒྱལ་ཁབ་ཀྱི་ཨོ་སི་ལོད་སློབ་ཆེན་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་ཏེ་སྤྱི་ལོ་༡༩༩༩ལོར་མཐར་ཕྱིན་ནས་མུ་མཐུད་དེ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སྡེ་ཚན་ནང་ཞིབ་འཇུག་གི་ཕྱག་ལས་གནང་བ་རེད། ཁོང་གི་ཞིབ་འཇུག་ཆེད་ལས་གཙོ་བོ་ནི་བོད་ཀྱི་བོན་པོའི་ཆོས་ལུགས་ལོ་རྒྱུས་དང་འབྲེལ་བའི་གནའ་བོའི་རིག་གཞུང་དང་དེ་བཞིན་ཞང་ཞུང་ལོ་རྒྱུས་དང་རིག་གཞུང་སྐོར་རེད། ཁོང་གིས་ཞིབ་འཇུག་ཁྱབ་ཁོངས་དེ་དག་དང་འབྲེལ་བའི་དཔྱད་རྩོམ་དང་རྩོམ་དེབ་མང་དག་ཅིག་སྤེལ་མྱོང་ཡོད་པ་དང་། སྔ་རྗེས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་དཔྱད་མོལ་ཚོགས་འདུའི་ནང་ཐེངས་མང་ཞུགས་ནས་ཞིབ་འཇུག་གི་དཔྱད་གཏམ་སྤེལ་བས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པའི་གདེང་འཇོག་གང་ལེགས་ཐོབ་མྱོང་ཡོད། ཁོང་གི་རྩོམ་དེབ་གཙོ་བོ་ནི་༼བོན་གྱི་ཤེས་རིག་ཚིག་མཛོད༽དང་༼བོན་གྱི་ལོ་རྒྱུས་སྤྱི་བཤད༽དེ་བཞིན་རྒྱ་ཡིག་ནས་བྲིས་པའི་༼བོན་གྱི་ལོ་རྒྱུས་གནད་ཀྱི་ཕྲེང་བ༽དང་། དབྱིན་ཡིག་ནས་བོད་ཡིག་ལ་བསྒྱུར་བའི་༼ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་གདམས་སྒྱུར༽ཞེས་པ་སོགས་ཡོད་པ་མ་ཟད། ད་དུང་ཞང་ཞུང་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་མང་དག་ཅིག་རྒྱལ་ནང་གི་བོད་རིག་པའི་རིག་གཞུང་དཔྱད་དེབ་ཐོག་སྤེལ་ཡོད་པ་རེད།
来源:听西藏CTB