信息编号:112 发布者:ADMIN 发布时间:2018-12-16 20:08:04 关注:
ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ། ཚེ་རིང་དཔལ་སྐྱིད།
ངེད་ཅག་བོད་སྐད་ཡིག་ནི་རང་རའི་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་ཀུན་གྱི་བརྗོད་གཞི་ཡང་ཡིན། དེས་ན་བོད་ཡིག་བཀོལ་སྤྱོད་བྱས་ནས་སྔོན་ཐོན་མི་རིགས་ཀྱིས་རྗེས་སུ་འགྲོ་རྒྱུ་ནི་ང་ཚོ་བོད་རིགས་ཀུན་གྱི་འགན་འཁྲི་ཡིན་པ་ནི་གཡོལ་ཐབས་མེད་པའི་བྱ་བ་ཞིག་ཡིན། དེ་ལས་ནང་སྒོས་སུ་སློབ་གྲྭ་དང་སློབ་གྲྭའི་ནང་གི་དགེ་རྒན་གྱིས་རྒྱུ་ནས་བོད་སྐད་ཡིག་འཕེལ་རྒྱས་གཏོང་དགོས། དེ་ལྟར་དུས་གཅིག་ཏུ་རིམ་བཞིན་སློབ་གྲྭའི་སློབ་གསོའི་རིག་གནས་ནས་རིམ་བཞིན་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་ཁྱབ་བརྡལ་དུ་འགྲོ་བར་བརྩོན་དགོས། ཡིན་ནའང་དེ་ནི་ཁ་ནས་བཤད་པ་ཙམ་གྱིས་དེ་མ་ཐག་ཏུ་འགྲོ་ཐུབ་པ་ཞིག་ཡེ་ནས་མ་ཡིན། འོ་ན། དེ་གང་ལ་རགས་ལས་སམ་ཞེ་ན། གཙོ་བོ་ཕ་མ་དང་། དེ་ནས་དགེ་རྒན། སློབ་མ་བཅས་གསུམ་ནི་རྒྱུན་ཐག་གཅིག་གིས་འབྲེལ་བ་བརྒྱུད་ནས་གྲུབ་པ་ལས་ལྷག་ཏུ་དགེ་རྒན་གྱི་བྱ་ལས་གཙོ་བོ་ཡིན་པ་བརྗོད་ག་ལ་དགོས།
གཅིག ཕ་མས་རང་གི་བུ་ཕྲུག་ལ་བརྩེ་བ་ལྷད་མེད་ཀྱིས་བསྐྱངས་པ་དང་མཉམ་དུ་ཆེས་ཐོག་མའི་གོམ་པ་སྤོ་ཚུལ་དང་། རིམ་བཞིན་སྐད་ཆ་ཤོད་སྟངས། རྩེད་མཚར་གྱིས་གླུ་དབྱངས་གྱེར་བ། དེ་ནས་ཀ་ཁའི་ཀློག་འདོན་ལ་གཞིགས་ནས་སྤྲོ་སྣང་འདོན་ཐུབ་པ་བྱས་ན། བྱིས་པས་རང་གི་བློ་ཚོད་དང་རན་པའི་རིག་གནས་བསྡུ་ལེན་བྱེད་པར་ཕན་པ་ཆེ་བར་སྙམ།
གཉིས། ཕ་མའི་སློབ་གསོ་དྲོན་མོ་མྱོང་བ་ཟབ་མོ་དེ་དང་མཉམ་དུ་དགེ་རྒན་གྱིས་མཉམ་གསོ་མཉམ་ཁྲིད་ཀྱི་ལག་ལེན་ལ་གཞིགས་ནས་སློབ་མར་མཛུབ་ཁྲིད་དང་། སྐུལ་སློང་གིས་སློབ་མར་ཕུགས་བསམ་བཟང་པོར་བསྐྲུན་དགོས།
གསུམ། ཕ་མ་དང་དགེ་རྒན་གྱིས་སྐུལ་ལྕག་གི་འོག་ཏུ་སློབ་མ་རང་གི་ལྷན་སྐྱེས་ཀྱི་ཤེས་རིག་དང་། བློའི་རྩལ་ལ་གཞིགས་ནས་རང་ཅག་གི་འདུ་ཤེས་ལྡན་ཐུབ་པ་བྱ་དགོས། འདི་ལྟར་བྱས་ན་གཅིག་ནས་ཁྱིམ་བདག་དང་དགེ་རྒན། སློབ་མ་རང་སྒེར་བཅས་ཀྱི་འདུན་པ་སྐོང་བ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་ཡང་བསྐྲུན་པ་སྨྲོས་མ་དགོས། དེས་ན་སློབ་མའི་རིག་པའི་སྦྱོང་བརྡར་ལ་བསྟུན་ནས་ཤེས་བྱའི་ནུས་ཚད་འཕེལ་བའི་ཐབས་རགས་ཙམ་བཀྲལ་ན།
༡ དཔེ་ཀློག་གཙིགས་སུ་འཛིན་དགོས།
དཔེ་ཆ་ལྟ་ཀློག་བྱ་རྒྱུ་ནི་ཤེས་བྱ་འཕེལ་བའི་རྨང་གཞིའམ་རྨང་རྡོ་ཞིག་ཡིན་ཕྱིན། དུས་དེབ་དང་ཚགས་པར། སྙན་རྩོམ་སོགས་དཔེ་དེབ་གང་ཞིག་བལྟས་ཀྱང་དེའི་ཐད་ནས་མ་མཐར་ཡང་འབྲི་ཀློག་གི་ནུས་པ་འཕེལ་ཐུབ་ལ། ཆེས་མཐོ་བར་བཤད་ན་ཤེས་བྱ་སྣ་ཚོགས་ངེས་ཤེས་ཐུབ་པས། དེས་བོད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་བར་ཕན་ཐོགས་ཆེན་པོ་ཐོན་ངེས་རེད།
༢ བློ་འཛིན་གཙིགས་སུ་འཛིན་དགོས།
ཁྱིམ་བདག་གིས་རང་གི་ཕྲུ་གུར་ཞོགས་སྔ་ལངས་ཀྱི་གོམས་གཤིས་འཇགས་ཐུབ་པ་བྱས་ཏེ་རང་དགོས་ཤེས་བྱ་མང་ཙམ་ཀློག་འདོན་དང་མང་ཙམ་བློ་འཛིན། བོད་པའི་ཡོན་ཏན་བློ་ཐོག་ན་ཡོད། རྒྱའི་ཡོན་ཏན་ཡིག་ཐོག་ན་ཡོད་ཅེས་པའི་ཁ་དཔེ་ལྟར་བློ་རིག་ཧ་ཅང་གསལ་བའི་དུས་བློ་འཛིན་བྱ་རྒྱུ་ནི་གལ་ཆེ།
༣ འབྲི་སྟངས་གཙིགས་སུ་འཛིན་དགོས།
ཡི་གེ་འབྲི་སྟངས་ནི་སློབ་མ་ཞིག་ལ་མཚོན་ནས་བརྗོད་ན། ཆུའི་ཕར་ལ་སྐྱོད་བྱེད་ཀྱི་ཟམ་པ་དང་གཉིས་སུ་མེད། ཡི་གེའི་སྨྱུག་རིམ་རེ་རེ་གོ་རིམ་བཞིན་དུ་འཁྲིད་རྒྱུ་མ་རྟོགས་ན་གནད་ཀྱི་རྩ་བ་འབྱིན་མི་ཐུབ་པའི་ཕྱིར། ཡི་གེ་འབྲི་སྟངས་ཀྱི་ཆ་ལ་བསམ་གཞིགས་ནན་མོ་བྱེད་པར་གལ།
༤ སྤྱི་ཚོགས་འཕེལ་རྒྱས་དང་སློབ་མའི་དགའ་ཕྱོགས་དང་བསྟུན་ཏེ་དྲྭ་རྒྱའི་ཐོག་ནས་བོད་ཡིག་སྦྱོང་ཐབས་གཙིགས་སུ་འཛིན་དགོས།
ཆ་འཕྲིན་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་ལྷན་དུ་དེང་སྐབས་ཀྱི་འཚོ་བ་དངོས་ཀྱང་ཆ་འཕྲིན་དང་འབྲེལ་བ་ཇེ་ཆེར་འགྲོ་བའམ་ཡོད་ཚད་ཆ་འཕྲིན་ཅན་དུ་འགྱུར་བཞིན་པ་དང་བསྟུན་དྲྭ་རྒྱར་རོལ་རྒྱུ་ནི་དེང་དུས་སློབ་མ་མང་ཆེ་བའི་དགའ་ཕྱོགས་ཤིག་ཏུ་འགྱུར་ཡོད། དེས་ན་ང་ཚོས་དྲྭ་བའི་ཐོག་གི་ལེགས་ཆ་ལེན་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད། བོད་ལ་དུང་ཞེན་ཆེ་བའི་སྐྱེ་བོ་དུ་མས་དཀའ་ཚེགས་དང་ངལ་བ་དུ་མ་སྤྱད་རྗེས་ཀྱི་འབྲས་བུར་དྲྭ་ཐོག་ཏུ་རྩོམ་རིག་དང་ལོ་རྒྱུས། སྒྱུ་རྩལ། ཡུལ་སྲོལ། སློབ་གསོ། གསར་འགྱུར་སོགས་གཙོ་བོར་བརྗོད་པའི་བོད་ཡིག་གི་དྲྭ་ངོས་ཀྱང་མི་ཉུང་བ་ཞིག་ཡོད་པས་སློབ་མས་རྩོམ་ཡིག་རེ་གཉིས་ཀློག་པའམ་ལོ་རྒྱུས་དང་ཡུལ་སྲོལ་ལ་ཤེས་རྟོགས་བྱས་ན་མ་མཐར་ཡང་བོད་ཡིག་ཀློག་རྒྱུར་སྦྱོང་བརྡར་ཐུབ་པ་མ་ཟད། རང་ཉིད་ཀྱི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་ཐབས་བྱེད་པ་དེ་ཡང་ཐབས་ཤེས་མི་དམན་པ་ཞིག་ཡིན། འོན་ཀྱང་རང་རིགས་སློབ་མ་མང་ཆེ་བ་ནི་ཁ་པར་དང་རྩིས་འཁོར་ནང་གི་རོལ་རྩེད་ཁོ་ནར་གཡེངས་བ་ལས་དྲྭ་ཐོག་ནས་བོད་ཡིག་སློབ་སྦྱོང་བྱེད་མཁན་ནི་ཕལ་ཆེར་རི་བོང་གི་རྭ་ལྟ་བུའོ།།
༥ ཁ་སྐད་དང་ཡིག་སྐད་མཉམ་སྤྱོད་གཙིགས་སུ་འཛིན་དགོས།
དེ་ནས་འཛིན་གྲྭའི་ནང་སློབ་མ་ཕན་ཚུན་ཤོག་བུའི་ཐོག་ཡིག་ཐུང་བྲིས་ཏེ་ལྟ་བ་སྤེལ་རེས་དང་སོ་སོའི་མྱོང་ཚོར་སོགས་བརྗོད་གང་ཐུབ་བྱེད་པ། ལྷག་པར་བོད་ཡིག་བཏགས་ཐབས་སྦྱོང་བ་དང་བོད་ཡིག་གི་ཐོག་ནས་QQ
གླེང་མོལ་དང་སྐད་འཕྲིན་ནས་ཡི་གེ་འབྲི་ཐབས་ཀྱིས་གླེང་མོལ་བྱེད་ཤེས་ཚེ་རང་ཉིད་ཀྱི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་རྒྱུར་ནུས་པ་ཤུགས་ཆེན་པོ་ཐོན་ཐུབ། དེ་ཡང་རང་ཉིད་ཀྱི་ནམ་རྒྱུན་སྨྲ་བའི་ཁ་སྐད་དེ་དག་ཡིག་སྐད་དུ་ཕབ་པར་སྦྱོང་བརྡར་ཐུབ་པས་དེའི་ཐད་ནས་སྐད་དང་ཡི་གེ་གཉིས་འབྲེལ་བ་ཐུབ་ལ་རྒྱུན་གཏན་གྱི་སྐད་ཆ་ཤོད་སྐབས་ར་མ་ལུག་གི་སྐད་འདྲེས་མར་སྨྲ་བ་དེ་མངོན་གསལ་དོད་པོས་ཤེས་ཐུབ་པས་ག་ལེར་བོད་སྐད་དང་བོད་ཡིག་སྤྱོད་ཚད་འཕེལ་ཐུབ། དེ་ཙམ་མ་ཟད་གླེང་མོལ་གྱི་བརྒྱུད་རིམ་ནང་ཕན་ཚུན་ལྟ་བ་སྤེལ་རེས་དང་ཐེངས་དང་པོར་སྤྱོད་སྐབས་དག་ནོར་དང་བརྗོད་པ་མི་བདེ་བ་སོགས་ཡོང་སྲིད་པས་དེ་དག་ལ་དག་བཅོས་བྱེད་པ་སོགས་བྱེད་ཐུབ་ཚེ་དེས་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་བར་ནུས་པ་དེ་བས་ཤུགས་ཆེ་བ་ཡོད།
༦ བོད་སྐད་ཤོད་རྒྱུར་གཙིགས་སུ་འཛིན་དགོས།
སྐད་དང་ཡི་གེ་གཉིས་འབྲེལ་བ་ཆེ་ལ་རྒྱུན་གཏན་ང་ཚོའི་འཚོ་བའི་ཁྲོད་ཀྱི་གཏམ་གླེང་མང་ཆེ་བ་ནི་རྒྱ་བོད་འདྲེས་མའི་སྐད་རིགས་ཤིག་ཏུ་འགྱུར་ཡོད་པ་མངོན་གསལ་རེད། དེའི་རྐྱེན་གྱིས་བོད་སྐད་འདི་ཡང་སྐད་ར་མ་ལུགས་ཤིག་ཏུ་འགྲོ་ངེས་སུ་བསམ། དེ་ལྟར་དུ་གྱུར་སོང་ན་བོད་ཡིག་འདི་ཡང་དེ་དང་ལྷན་དུ་འཇིགས་འགྲོ་བར་ཐེ་ཚོམ་ག་ལ་མཆིས།ད་ལྟའི་སློབ་ཕྲུག་འགའ་རེས་བོད་ཡིག་གི་ཐ་སྙད་མི་ཉུང་བ་ཞིག་གཏན་ནས་མི་ཤེས། དེའི་རྒྱུ་རྐྱེན་གཙོ་བོ་ནི་དུས་རྒྱུན་འཚོ་བའི་ཁྲོད་དུ་གཏམ་གླེང་བྱེད་སྐབས་ཐ་སྙད་དེ་རིགས་སྤྱོད་མྱོང་མེད་པ་སྟེ་རྒྱ་སྐད་དང་ཡང་ན་སྐད་རིགས་གཞན་དག་ཞིག་གིས་དེའི་ཚབ་བྱེད་པས་ག་ལེར་ཐ་སྙད་དེ་རིགས་རྟིང་བརྗེད་དུ་སོང་བས་ན་ཉམས་འགྲོ་བ་རེད། དེར་བརྟེན། སློབ་མ་ཚོས་ནམ་རྒྱུན་ཕ་མ་དང་མི་གཞན་ལ་བོད་སྐད་གཙང་མ་རེ་ཤོད་རྒྱུ་ནི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་བའི་སྔོན་འགྲོ་ཞིག་ཡིན།དེའི་སྐོར་ལ་པཎ་ཆེན་སྐུ་ཕྲེང་བཅུ་པས་མཆོག་གིས་ཀྱང་བོད་རིགས་ཅིག་ཡིན་ཕྱིན་བོད་ཡིག་དེ་ངེས་པར་དུ་ཧྲ་ཏག་ཏག་ཤེས་པ་བྱེད་དགོས། བོད་ཡིག་ཤེས་པའི་རྨང་གཞིའི་ཐོག་མི་རིགས་གཞན་གྱི་ཡི་གེ་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱང་དགོས་ཞེས་གསུངས་ཡོད། བོད་རིགས་ཤིག་གི་ཆ་ནས་བོད་སྐད་འདི་ཉིད་ཚད་ལྡན་ཞིག་སྨྲ་ཐུབ་པ་དགོས་རྒྱུ་ནི་རང་ཉིད་བོད་རིགས་ཡིན་པ་གསལ་ཤེས་བྱེད་པའི་དཔང་པོ་ཉག་ཅིག་ཡིན། བོད་སྐད་ཀྱང་སྨྲ་མི་ཤེས་པར་བོད་ཡིག་སྦྱོང་བསམ་པ་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀའོ།། དེས་ན་དུས་རྒྱུན་དུ་བོད་སྐད་ཚད་ལྡན་ཞིག་སྨྲ་ཐུབ་པ་དང་སྨྲ་དགོས་རྒྱུ་ནི་བོད་ཡིག་ཆུ་ཚད་གོང་མཐོར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན། (འོན་ཀྱང་སྐབས་འདིར་ཁོ་མོས་བོད་ཡིག་ཁོ་ན་སྦྱོང་དགོས་པ་དང་རྒྱ་ཡིག་དབྱིན་ཡིག་སོགས་སྦྱང་མི་དགོས་ཟེར་བའི་ལྟ་བ་ནི་ཅིས་ནས་མ་ཡིན་ལགས)དེ་ནི། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོས་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་གསུངས་པའི་དགོངས་དོན་གྱི་སྙིང་པོ་གསལ་སྟོན་བྱས་པ་དེ་ཡིན།
༧ ཉིན་ཐོ་དང་རྩོམ་ཡིག་འབྲི་རྒྱུ་གཙིགས་སུ་འཛིན་དགོས།
དེ་ཡང་རང་ཅག་གི་སློབ་མས་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུར་དེ་ཙམ་གྱི་དགའ་པོ་མི་བྱེད་པར་ཤིན་ཏུ་དཀའ་བའི་བྱ་བ་ཞིག་ཡིན་པར་ངོས་འཛིན་གྱིན་འདུག དེ་ལྟར་བྱེད་དོན་ནི། གཅིག དམའ་རིམ་འཛིན་གྲྭ་ནས་ཚིག་གི་བརྗོད་པ་བཟོ་རྒྱུ་ནི་རྩོམ་འབྲིའི་གོམ་སྟབས་དང་པོ་ཡིན་ཞིང་ཚིག་གི་བརྗོད་པ་ལེགས་པོ་ཞིག་བཟོ་ཐུབ་མིན་ནི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་མིན་གྱི་འགག་རྩ་ཞིག་ཡིན་དེའི་ཕྱིར་ན་རང་ཅག་གི་སློབ་མས་ཚིག་གི་བརྗོད་པ་ལེགས་པོ་ཞིག་བཟོ་མ་ཐུབ་པ་ནི་རྩོམ་ཡིག་འབྲི་རྒྱུར་མི་སྤྲོ་བའི་རྒྱུ་མཚན་གཙོ་བོ་ཡིན། འོན་ཀྱང་རྒྱུན་པར་དགེ་རྒན་འགའ་ཞིག་གིས་ཡིག་རྒྱུགས་ལ་ཁ་གཏད་བཅོག་ཆེད་ཚིག་གི་བརྗོད་པ་བཟོ་དགོས་པའི་སྦྱང་གཞི་ཐོན་ཚེ་དགེ་རྒན་གྱིས་ནག་པང་སྟེང་བཟོ་རྐྱང་བྱས་ཏེ་སློབ་མས་ཀྱང་ཟིན་བྲིས་ཐོག་བཤུས་རྗེས་ངག་ལ་ཟིན་རྐྱང་བྱས་པ་སོགས་མཐོ་རིམ་འཛིན་གྲྭར་སླེབས་རྗེས་སློབ་ཚན་གྱི་སྦྱང་གཞིའི་རེ་བ་ལྟར་རྩོམ་ཡིག་ཅིག་འབྲི་དགོས་ཚེ་སློབ་མ་རྣམས་ཕོ་ཟད་མོ་ཐུག་དང་ལག་ཟད་དཔུང་ཐུག་གི་ཁ་དཔེར་འགྲོ་ཞིང་དེ་བས་ཀྱང་ཡིག་རྒྱུགས་ལ་ཁ་གཏད་བཅག་ཆེད་དགེ་རྒན་རང་ངོས་ནས་རྩོམ་ཐུང་གང་རུང་གཅིག་བྲིས་ཏེ་སློབ་མར་ངག་ཏུ་འཛིན་འཇུག་པའམ་རྩོམ་དེབ་གང་རུང་ཞིག་བློར་འཛིན་དུ་བཅུག་པ་སོགས་གནས་ཚུལ་འདྲ་མིན་ཐོན་ཙང་སློབ་མ་རང་ངོས་ནས་བརྗོད་བྱ་ལེགས་བསྒྲིགས་བྱེད་མི་ཐུབ་པ།
གཉིས། མཐོ་རིམ་འཛིན་གྲྭར་སླེབས་མ་ཐག་དགེ་རྒན་ནས་སློབ་ཚན་ཐོག་བཀོད་པའི་ལེགས་བཤད་ག་གེ་མོ་ཞིག་དང་ཡང་ན་སྙན་ངག་ག་གེ་མོ་ཞིག་དཔེར་བྱས་ཏེ་ལེགས་བཤད་ཤོ་ལོ་ཀ་ཞིག་འབྲི་རྒྱུ་དང་སྙན་ངག་ཤོ་ལོ་ཀ་ཞིག་འབྲི་རྒྱུ་སོགས་ཀྱི་རེ་བ་བཏོན་ཚེ་དམའ་རིམ་འཛིན་གྲྭ་ནས་ཚིག་གི་བརྗོད་པ་བཟོ་རྒྱུའི་རྨང་གཞི་ལེགས་པོ་ཞིག་མེད་པའི་ཁར་དགེ་རྒན་ནས་རེ་བ་མཐོན་པོ་འདི་འདྲ་ཞིག་བཏོན་པ་ནི་དགུན་དུས་གཙང་ཆུ་བརྒལ་རྒྱུ་ལྟར་དཀའ་བར་སྣང་ལ་སློབ་མས་འབད་པ་ག་ཚོད་བྱས་ཀྱང་མགོ་བོ་ཆེ་ཞིང་ཞྭ་མོ་ཆུང་བ་ལྟར་འབྲས་བུ་མ་བྱུང་ཞིང་ཐེངས་མང་གི་ངལ་བ་སྟོང་ཟད་ལས་ཁོ་ཚོ་རྩོམ་ཡིག་འབྲི་རྒྱུར་ཞེན་པ་གཏིང་ནས་ལོག་པར་གྱུར་ངེས།
འོ་ན་ང་ཚོས་ཇི་ལྟར་བྱས་ཏེ་ཁོང་ཚོས་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུར་སྤྲོ་བ་འཕེལ་བ་ཞིག་ཡོང་བ་བྱ་དགོས་སམ་ཞེ་ན།
དང་པོ། དེ་ཡང་ལས་གང་ཞིག་བྱས་ཀྱང་སླ་བ་ནས་རིམ་བཞིན་དཀའ་བའི་ཕྱོགས་སུ་བགྲོད་ན་འབྲས་བུ་བཟང་བ་ཇི་བཞིན་སྔོན་ལ་ཚིག་གི་བརྗོད་པ་ཧྲ་ཏག་ཏག་ཅིག་བཟོ་བར་སྐུལ་རྗེས། དེ་ནས་རིམ་བཞིན་ཉིན་ཐོ་འབྲི་དགོས། དེ་ཡང་རྒྱུ་མཚན་ཡོད་དེ་ཉིན་ཐོ་ནི་ལོ་འགའི་སྔོན་དང་ལོ་འགའི་རྗེས་ཀྱི་གནས་ཚུལ་མ་ཡིན་པར་ཉིན་དེ་རང་གི་གནས་ཚུལ་ཇི་མ་ཇི་བཞིན་འབྲི་རྒྱུ་ཁོ་ན་ཡིན་པས་དེའི་ཤུགས་རྐྱེན་གྱིས་ད་གཟོད་སློབ་མ་རྣམས་ཀྱི་རྩོམ་འབྲིའི་བྱ་བ་ནི་དཀའ་མོ་ཞིག་མ་ཡིན་པར་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པ་རྟོགས་ཐུབ་པས། གཞི་ནས་ཁོང་ཚོའི་རྩོམ་འབྲིའི་བྱ་བ་ལ་འཇུག་པའི་དད་མོས་འཕེལ་ཐུབ། ཉིན་ཐོས་ཁོང་ཚོའི་རྩོམ་འབྲིའི་བྱ་བར་སྤྲོ་བ་འཕེལ་བའི་རྗེས་དགེ་རྒན་རྣམས་ཀྱིས་རྩོམ་ཐུང་བཀོད་སྒྲིག་བྱས་ཏེ། སྔོན་ལ་སློབ་མར་རྩོམ་འབྲིའི་རེ་བ་ཧ་ཅང་མཐོ་དྲགས་རྒྱུ་མེད་པར་ཇི་བཞིན་བརྗོད་པའི་རྩོམ་གྱི་ནང་གསེས་ཆུང་ངུ་སྟེ། དངོས་པོ་ཞིབ་འབྲི་བྱ་རྒྱུ་ལྟ་བུ་ཞིག་བཀོད་སྒྲིག་བྱས་ན་ཤིན་ཏུ་འཚམས། རྒྱུ་མཚན་ཡོད་དེ་དངོས་པོ་ཞིབ་འབྲི་བྱ་རྒྱུ་ནི་དངོས་པོ་ག་གེ་མོ་ཞིག་འབྲི་བྱར་བཟུང་སྟེ་ནམ་རྒྱུན་གྱི་སྐད་ཆའི་འགྲོས་ལྟར་བྲིས་ན་འགྲིག་ལ། འབྲི་བྱ་ཡང་ཧ་ཅང་རྒྱ་ཆེ་བས། དཔེར་ན«ངའི་ཨ་ཕ»དང«ངའི་གྲོགས་མོ»ཞེས་སོགས་སྦྱང་ཚན་སྐུལ་ཞིང་ཡིག་གཟུགས་དང་དག་ཆར་དོ་སྣང་བྱེད་དགོས་པའི་རེ་བའི་ཐོག་ཚེག་ཁྱིམ་ཡང་བརྒྱ་ལྷག་ཙམ་ལོན་པ་དགོས་རྒྱུའི་ཆ་རྐྱེན་བཏོན་ནས་རྩོམ་ཐུང་འབྲི་རུ་བཅུག་ན་ཐོག་མར་ནས་ལེགས་བཤད་དང་སྙན་ངག་འབྲི་རྒྱུ་ལས་ལྡབ་ཁ་ཤས་ཀྱི་སླའོ།།
གཉིས་པ། ད་ལྟ་ང་ཚོས་སློབ་དེབ་ཏུ་བཀོད་སྒྲིག་ཞུས་པའི་སློབ་ཚན་མང་ཆེ་བ་ནི་གྲགས་ཅན་རྩོམ་པ་པོའི་བརྩམ་བྱ་འབའ་ཞིག་ཡིན་པར་བརྟེན་དུས་སྟོང་ཟུར་འདོན་གྱིས་དུས་དེབ་དང་ཚགས་པར་སོགས་ནས་གོ་བདེ་བའི་རྩོམ་ཡིག་རེ་གཉིས་བཙལ་ཏེ་དགེ་རྒན་གྱིས་བཤད་ཁྲིད་དང་བཅས་ཧང་སང་སང་གིས་རྩོམ་ཡིག་དེ་ཚོར་བསྟོད་བསྔགས་དང་སྦྲགས་སློབ་མ་ཚོར་རྩོམ་ཡིག་དེ་འདྲ་འབྲི་ཐུབ་ན་རྗེས་སོར་གྲགས་ཅན་རྩོམ་པ་པོ་ཞིག་ཆགས་རྒྱུ་ཉག་ཅིག་རེད་ཅེས་སྐུལ་མ་བྱ་དགོས་པ་མ་ཟད། སློབ་མ་རྣམས་ཀྱིས་བྲིས་པའི་སྤྱིར་བཏང་རྩོམ་ཡིག་དེ་ཚོར་ཡང་དགེ་རྒན་ནས་བསྟོད་བསྔགས་དང་གཟེངས་བསྟོད་བྱ་རྒྱུ་མ་ཟད། སློབ་མའི་ཁྲོད་བཀླགས་ཏེ་རང་ལ་ཡིད་ཆེས་དང་གཞན་རྣམས་ལའང་སྐུལ་ལྕག་དང་མིག་དཔེའི་རྒྱུ་རུ་འགྲོ་བ་བྱེད་དགོས།
ཡོངས་ཁུངས། མཐོང་བ་ཀུན་གྲོལ་སྐད་འཕྲིན་སྤྱི་སྟེགས།
ལྷ་སའི་སློབ་གསོའི༢༠༡༨ལོའི་དུས་དེབ་དང་པོ་ལས་བཏུས།
རྩོམ་སྒྲིག་འགན་ཁུར་བ། ཕུར་བུ་སྲིད་ཐར།
|
|