སློབ་ཚན་ཞིག་སློབ་ཁྲིད་ཇི་ལྟར་བྱ་ཚུལ་སྐོར་གྱི་མྱོང་བ་རགས་བཤད།
信息编号:113 发布者:ADMIN 发布时间:2018-12-16 20:15:24 关注:
信息编号:113 发布者:ADMIN 发布时间:2018-12-16 20:15:24 关注:
-
ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ།
བསོད་ནམས་དོན་གྲུབ།
དགེ་རྒན་གྱི་ལས་འགན་གཙོ་བོ་ནི་སློབ་གསོ་སློབ་ཁྲིད་བྱ་རྒྱུ་དེ་ཡིན་ཞིང་། སློབ་གསོ་སློབ་ཁྲིད་ནི་གཟུགས་དང་གྲིབ་མ་བཞིན་ཁ་བྲལ་ཐབས་མེད་ལ། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་བཞིན་གཅིག་སྐུལ་གཅིག་འདེད་ཀྱི་ནུས་པ་ཐོན་ནུས། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་བཟང་ངན་གྱིས་སློབ་མའི་བྱང་ཚད་དང་ནུས་པ་གསོ་སྐྱོང་ལམ་དུ་འགྲོ་མིན་ལ་འབྲེལ་བ་དམ་ཟབ་མཆིས་པས། དགེ་རྒན་གྱི་ངོས་ནས་བརྗོད་ན་སློབ་ཁྲིད་ཀྱི་རིགས་ལམ་ཡང་དག་ཞིག་འཚོལ་ཞིབ་བྱ་རྒྱུ་ནི་གལ་འགངས་ཆེ་ཞིང་བཤད་མི་ཚར་བའི་བརྗོད་གཞི་ཞིག་ཡིན། ཁོ་བོ་ནི་སློབ་ཁྲིད་ཀྱི་ཉམས་མྱོང་དབུལ་ཞིང་བློ་རིག་རྟུལ་བ། རྣམ་དཔྱོད་ཀྱི་བློ་མིག་ལྡོངས་པས་བློ་ལྡན་རྣམས་ཀྱི་འདུན་སར་སངས་རྒྱས་ལ་ཀ་ཁའི་མཆེད་ཟླར་གྱུར་ཀྱང་། དོན་གཉེར་ཅན་གྱི་ལས་དང་པོ་བ་རྣམས་ལ་ཅུང་ཟད་ཕན་ན་སྙམ་ཏེ། སློབ་ཚན་གཅིག་སློབ་ཁྲིད་ཇི་ལྟར་བྱ་ཚུལ་སྐོར་ལ་རང་གི་མྱོང་བ་ཕྱེ་ལོང་ཙམ་གླེང་བར་བྱ།
དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་སོ།།
གཅིག སྔོན་འགྲོའི་སྐོར།
(༡) དགེ་རྒན་ནི་ཚེ་གང་ཐོས་བསགས་ལ་གཞོལ་མཁན་ཞིག་ཡིན་དགོས།
དགེ་རྒན་ནི་སློབ་གསོ་སློབ་ཁྲིད་ཀྱི་རྒྱུད་རིམ་ཧྲིལ་པོའི་ནང་ཁྲིད་སྟོན་པ་ཞིག་ཡིན་ཙ་ན་གཞན་ལ་མཛུབ་ཁྲིད་བྱ་ཐུབ་པའི་མཐུ་ཞིག་གདའ་དགོས།དེ་ལས་ལྡོག་ན། རྗེ་མི་ལས། གནས་ལུགས་མ་རྟོགས་བར་དུ་གཞན་དོན་ལ་མ་རིངས། ལོང་བས་ལོང་བ་ཁྲིད་པ་དང་འདྲ་ཞིང་རང་འདོད་དུ་ཤོར་ཉེན་ཡོད་གསུངས་པའི་མཚན་གཞི་རུ་གྱུར་ངེས། དེ་སླད་ཡོན་ཏན་ཀུན་གྱི་སྒོ་ནི་ཤེས་རབ་ཆེ་ཆུང་ལ་རགས་ལས་ཤིང་། དེ་ཡི་སྒོ་ཐོས་བསགས་ཡིན་པ་བཀའ་བསྟན་ནང་ལན་གྲངས་དུ་མར་བསྟན་པས། གཞུང་ལུགས་གང་གའི་བྱེ་བར་ཐོས་རྒྱ་ཅན་གྱི་གང་ཟག་དེ་ནི་ཟབ་གསལ་རྣོ་གསུམ་གྱིས་རྣམ་དཔྱོད་མཐུ་ནུས་ཡོངས་སུ་རྫོགས། དེ་ནི་སློབ་གསོ་སློབ་ཁྲིད་དགེ་ཐོན་པ་ཞིག་ཡོང་རྒྱུའི་ཕྱི་མོ་ཡིན། ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། ཅིའི་ཕྱིར་ཞེ་ན། མཁས་པའི་ཡོན་ཏན་དེ་ལས་འབྱུང་ཞེས་དང་། རྗེ་རིན་པོ་ཆེས་ལམ་གྱི་རིམ་པའི་ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་བསྟན་པ་དང་སྐྱབས་འགྲོའི་ཐོག་མར་བླ་མ་ལ་སྐྱབས་སུ་འགྲོ་བའི་རྒྱུ་མཚན་ཡང་དེ་ཡིན་སྙམ།
(༢)སློབ་ཁྲིད་ཁྲིད་ཟིན་ཚགས་ཚུད་ཅིང་གྲ་སྒྲིག་འཐུས་ཚང་ཡོང་བ་བྱ་རྒྱུ་ནི་སྤུས་ལྡན་སློབ་ཁྲིད་ཀྱི་འགན་ལེན་ཞིག་ཡིན། སློབ་ཚན་ཧྲིལ་པོ་མ་བསླབ་གོང་ནས་དགེ་རྒན་གྱིས་སློབ་ཚན་ཧྲིལ་པོ་ཡང་དུ་ཀློག་སྟེ་སྤྱི་ཁོག་སྤྱི་དོན་དང་བཅས་པར་ནང་བྱན་ཆུད་དགོས་པ་མ་ཟད། སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་གང་ཡིན་པ་བཅས་ལག་མཐིལ་ན་ཀྱུ་རུ་ར་བཞག་པ་བཞིན་རྟོག་པའི་ཡོལ་གོར་ཁ་གསལ་ཡོད་པ་བྱེད་དགོས། དཀའ་གནད་དང་གཙོ་གནད་ཀྱི་ཤེས་བྱའི་གནད་འདི་སློབ་མའི་སྣོད་དང་བསྟུན་ཏེ་ངོ་སྤྲོད་ཇི་ལྟར་བྱེད་དགོས་པའི་ཐབས་ཤེས་ལ་དགོངས་པ་གཏིང་ཟབ་བཞེས་ནས། དེ་བསྟུན་གྱི་དཔྱད་གཞི་འཚོལ་བསྡུ་དང་། ནང་དོན་ལ་ལེགས་དབྱེ་ཕྱོགས་སྒྲིག སྣོན་འཕྲི་སྤོར་གཅོག་སོགས་སྔོན་འགྲོའི་ལས་བྱ་དུ་མ་ཞིག་མཆིས།
གཉིས་པ། འཆད་ཚུལ་དངོས་བཤད་པ།
(༡)སློབ་མར་རྩོམ་ཡིག་ལྟ་ཀློག་གི་གོམས་གཤིས་འཇགས་པ་བྱ་རྒྱུ་ནས་དབུ་ཚུགས་དགོས།
མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ཞན་པའི་རྒྱུ་རྐྱེན་གཅིག་ནི་ལྟ་ཀློག་ཉུང་བས་ཡིན་ལ། ཡང་སྒོས་རྩོམ་ཡིག་བརྩམས་ཆོས་ལ་མྱོང་རོལ་བྱེད་པར་མ་མཐར་ཡང་ཐེངས་གྲངས་འགའ་ཤས་མ་ཀློག་ཐབས་མེད་དུ་གྱུར་ཡོད་དེ། དཀའ་གསལ་དུ། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱོངས། །ཞེས་གསུངས། དེས་ན་དགེ་རྒན་གྱིས་རྩོམ་རིག་བརྩམས་ཆོས་སློབ་ཁྲིད་མ་བྱས་གོང་དུ་སློབ་མ་རང་ངོས་ནས་མ་མཐར་ཡང་ཐེངས་གཅིག་བཀླག་རྒྱུར་བཀོད་སྒྲིག་བྱ་དགོས་ཤིང་། བཀོད་སྒྲིག་བྱ་ལུགས་ཐད་སློབ་མའི་རང་འགུལ་གྱི་ནུས་པར་གཞིགས་ནས་སྔོན་སྦྱོང་ངམ་ཚོགས་ཐུན་བེད་སྤྱོད་བྱས་ན་ཆོག ཀློག་པའི་ཞོར་དུ་སློབ་མས་མངོན་བརྗོད་དང་བརྡ་རྙིང་སོགས་གོ་དཀའ་བའི་མིང་ཚིག་རྣམས་ལ་རྟགས་རྒྱག་རྒྱུར་སྐུལ་ནས། ལྟ་ཀློག་བསྒྲུབས་ཟིན་པ་དང་དགེ་རྒན་གྱིས་བརྡ་འགྲེལ་དང་སློབ་མས་ཚིག་མཛོད་འཚོལ་བ་སོགས་ཀྱི་ཐབས་སྤྱད་ནས་གོ་དཀའི་ཐ་སྙད་ཐག་གཅོད་གཏོང་དགོས།
(༢)རྩོམ་པ་པོའི་སྐོར་རྒྱས་བསྡུས་འཚམ་ཞིང་སློབ་མའི་ཉམས་ལེན་ལ་མཁོ་བ་རྣམས་འཆད་དགོས།
རྩོམ་པ་པོའི་ལོ་རྒྱུས་སམ་མཛད་རྣམ་ངོ་སྤྲོད་སྐོར་ལ་དམིགས་བཀར་གྱི་དགོས་པ་ཡོད་ན་མ་གཏོགས་ཡབ་ཡུམ་དང་སྐུ་བལྟམས་པའི་ལོ་ཟླ་སོགས་ཕྲ་ཞིབ་ཀྱི་འཆད་པའི་དགོས་པ་མ་མཆིས་ཤིང་། སྔོན་བྱོན་བླ་མའི་རྣམ་ཐར་དང་ཕྱིས་འབྱུང་སློབ་མའི་ཉམས་ལེན། ཞེས་པ་བཞིན་གཙོ་བོ་དམ་པ་གང་དེའི་སྡེ་སྣོད་གསུམ་ལ་སློབ་སྦྱོང་དང་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་པའི་བརྒྱུད་རིམ། དཀའ་ཚེགས་ཇི་ལྟར་བསྐྱོན་ཚུལ། ལྟ་སྤྱོད་ཡ་མ་བྲལ་བར་ཉམས་ལེན་གནང་སྟེ་མཁས་བཙུན་བཟང་གསུམ་གྱི་བྱ་བྲལ་གྱི་རྟོག་པ་གཞན་འདྲིང་མི་འཇོག་པ་ཉམས་བཞེས་གནང་ལུགས་སོགས་བློ་གསར་དོན་གཉེར་ཅན་རྣམས་ལ་དྲང་ཕྱོགས་ཀྱི་སློབ་གསོས་ལེགས་ལམ་དུ་འདྲེན་པ། ཡར་སྐུལ་དང་མིག་བསྟན་དུ་འཕེར་བ་དག་འཆད་ན་ས་ཆོད་ཆེ་སྙམ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས། ངའི་རྣམ་ཐར་དང་པོར་སྐྱེས་པ་ནས། ད་ལྟ་ཅི་བྱེད། ནམ་ཕུགས་འཆི་བ་དང་སྟོན་མོ་བཏང་བ་ཡན་ཆོད་བྲིས་ཞན་འདྲ། གལ་ཏེ་འདི་ནའང་སློབ་མ་ཚོ་ལ་སྐུལ་བའི་ཚིག་རིགས་སྐམ་པོ་རྣམས་དང་འཕྲལ་གྱི་ཆོས་སྤྱོད་ལག་ལེན་ཉེ་བར་མཁོ་བ་ཞིག་ཡིན་འདུག་ན་མ་གཏོགས། གཞན་ད་ནང་ལྟོ་ཅི་ཟས་དང་། དོ་ནུབ་སྐྱག་པ་འདི་རུ་བཏང་སོགས་རང་གི་ལོ་རྒྱུས་བྲིས་པ་ལ་དགོས་པ་ཆུང་། ཞེས་གསུངས་པ་ཉམས་མྱོང་ཅན་གྱི་བཀའ་སློབ་ཏུ་འཁུམས།
(༣)དམར་ཁྲིད་ཀྱི་ཁོངས་སུ་གཏོགས་པའི་དཔེ་ལ་བརྟེན་ནས་ནང་དོན་ངོ་སྤྲས་ན་གསོན་ཉམས་ལྡན་ཞིང་རྟོགས་སླ་བའི་ཆེ་བ་ལྡན།
ཕྱིའི་རིག་གནས་ཀྱི་ཤུགས་རྐྱེན་དབང་གིས་སྐད་ཡིག་གི་རྨང་གཞི་ཞན་པའི་སློབ་བུས། ཅུང་མཐོ་ཚད་ཅན་གྱི་ནང་སེམས་ལྟ་སྤྱོད་འདུལ་བའི་ལྟ་གྲུབ་ཏིལ་ལ་ཏིལ་མར་ཚུལ་དུ་གཏིམ་པའི་བརྩམས་ཆོས་དབར་ལ་དབྱེ་ཞིབ་བྱེད་དུས་དཀའ་ཁག་ཞིག་རང་བཞིན་གྱིས་འཕྲད་འོང་མོད། ཁ་དཔེར། དཔེ་རེ་བཞག་ན་དོན་རེ་གོ ། དཔེ་དོན་གལ་ཏ་མགོ་སྦྲེལ། ། ཞེས་པ་བཞིན་དཔེ་དུ་མ་བཞག་ནས་གསལ་འགྲེལ་བྱས་ན་གསོན་ཉམས་ལྡན་ཞིང་གཟུགས་སྣང་དོད་པ། རྟོག་པ་དོན་མཐུན་གྱི་ཤེས་བྱའི་གནད་ཁག་ལ་ངེས་ཤེས་གསལ་པོ་ཞིག་དྲོངས་པའི་ཁྱད་ཆོས་ལྡན། གནའ་བོའི་རྒྱ་གར་དུ་དོན་སྨྲ་སྡེ་གཉིས་ལ་མིང་གཞན་དུ་དཔེ་སྟོན་པ་ཞེས་བརྗོད་ཅིང་། ཅུང་ཟད་ལྐོག་འགྱུར་དང་ཤིན་ཏུ་ལྐོག་འགྱུར་གྱི་ཤེས་བྱའི་རྣམ་གཞག་མང་དག་ཅིག་དཔེ་ལ་བརྟེན་ནས་གསལ་འགྲེལ་གནང་བའི་ཕྱག་སྲོལ་མཆིས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་དུ། རྗེ་ཉིད་དགེ་སློང་ཨ་ཁུ་བསོད་ནམས་ལྷུན་གྲུབ་དྲུང་ནས་ཀ་ཁ་བསླབས་པས་ཁྱོད་ཀྱི་སློབ་མི་ཤེས་པ་འདུག དཔེ་ཞོག་ལ་སློབ་གསུངས། ཞེས་པར་ཞིབ་ཏུ་རེམ་དུས་དཔེ་འཇོག་པའི་སློབ་ཁྲིད་ཀྱི་ཐབས་ལམ་འདི་ཉིད་གལ་ཆེན་པོ་ཡིན་པ་རྟོགས་ཐུབ། ཐབས་ལམ་འདི་ཉིད་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་གནའ་བོའི་རྒྱ་གར་དུ་དོན་སྨྲ་སྡེ་གཉིས་ཀྱི་རྒྱ་ཁྱབ་ཏུ་སྤྱོད་ཅིང་། རང་ཅག་ཁ་བ་གངས་ཅན་གྱི་ཡུལ་གྲུ་འདིར་བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་དགེ་བཤེས་པོ་ཏོ་བས། བདེན་གཉིས་ཀྱི་རྣམ་གཞག་དང་ལམ་གྱི་རིམ་པ་མཐའ་དག་རང་བྱུང་ཁམས་ཀྱི་སྣང་བ་དཔེ་རུ་བཞག་ནས་བཀའ་ཁྲིད་གནང་བའི་སྲོལ་ཇེ་ཆེར་དར་མཛད། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས། དེས་ན་ཁོང་གཞན་གྱིས་མ་གོ་ཡི་དོགས་ནས། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས། དོན་གཏན་ལ་ཕབ་ཅིང་སྟོན་པ་ཡིན་ཏེ། དེ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་དེས། དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་པའི་དགོས་པ་ནི། དཔེའི་སྒོ་ནས་དོན་མྱུར་དུ་རྟོགས་པར་འགྱུར་ཏེ། རྟོགས་པ་བརྗོད་པའི་སྡེ་བྱ་བ་ཡང་། དཔེའི་སྒོ་ནས་བསྟན་པ་ལ་གསུངས་པ་ཡིན། མདོ་སྡེ་པད་མ་དཀར་པོ་དང་། དཀོན་མཆོག་ཏ་ལ་ལ་ནས་ཀྱང་། དཔེས་བསྟན་ན་རྟོགས་སླ་བར་གསུངས། གཞན་ཡང་སངས་རྒྱས་ཀྱིས་གསུངས་པའི་མདོ་རྒྱུད་ཐམས་ཅད་ནས་ཀྱང་། དཔེ་ཁོ་ན་དང་སྦྱར་ཅིང་གསུངས། བསྟན་བཅོས་ཐམས་ཅད་ནས་ཀྱང་། དཔེ་ཁོ་ནས་གསུངས་ཞེས་གསལ་བའོ། །
(༤)སློབ་ཚན་ཧྲིལ་པོར་དྲི་བ་འཁྱེར་ཏེ་བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པའི་སྒོ་མོ་ཡངས་པོར་འབྱེད་དགོས།
ལར་འཛམ་གླིང་ན་སྙན་གྲགས་ཀྱི་བ་དན་རབ་ཏུ་གཡོ་བའི་ཤེས་རིག་གི་ལྡིང་ཁང་ཆེན་མོ་ཧྭ་ཕུ་སློབ་ཆེན་དུ་སློབ་ཁྲིད་ཀྱི་ཐབས་ལམ་གཙོ་བོ་ནི་དྲི་བ་དྲིས་ལན་གྱི་ཚུལ་འདི་ཡིན་ལ། རང་ཅག་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ནང་ཚད་མ་རིག་པའི་སློབ་སྦྱོང་གནང་སྐབས། སྔ་རྒོལ་དང་ཕྱི་རྒོལ་བ་གཉིས་ཕན་ཚུལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་གཞི་ཤེས་བྱའི་གནས་ལུགས་དག་རིགས་ལམ་ལ་བརྟེན་ནས་གཏན་ལ་འབེབས་མཛད། བསྒྲུན་དུ་མེད་ཅིང་བསྙོན་དང་བྲལ་བའི་ཤེས་རབ་ཀྱི་རྩལ་ཁ་ཡོངས་སུ་རྫོགས་ནས་དོན་དང་དོན་མ་ཡིན་པ། བླང་བྱ་དང་དོར་བྱ། དགག་བཞག་དང་སྤང་བླང་སོགས་ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་དག་ཀྱང་དཀར་ནག་རྡེའུ་བཞིན་འཕྱུགས་པ་མེད་པར་གསལ་པོར་འབྱེད་ཐུབ་པ་ཡིན། དེས་ན་སློབ་མར་དུས་ཚོད་ངེས་ཅན་སྤྲད་ནས་སློབ་མས་ཐག་གཅོད་ཐུབ་པའི་དྲི་བ་བཀོད་སྒྲིག་བྱས་ཏེ། བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པ་མཐོར་འདེགས་དང་སློབ་ཁྲིད་ཀྱི་ཁུར་པོ་ཡང་ཇེ་ཡང་དུ་གཏོང་ཐུབ། རྗེ་རིན་པོ་ཆེའི་རྣམ་ཐར་དུ། རྗེ་རིན་པོ་ཆེས་རྗེ་རེད་མདའ་བ་ལས་མངོན་པ་མཛོད་གསན་པས། དཀའ་བའི་གནད་ལ་དོགས་འདྲི་མང་པོ་གནང་སྟབས། རྗེ་རེད་མདའ་བས་ཁྱེད་ལ་མཛུབ་འཁྲིད་བྱེད་པ་ལ་ལེགས་པར་སྒྲིམ་དགོས་པ་འདུག་ཅེས་གསུངས།
(༥)སློབ་ཚན་གྱི་འགྲེལ་པ་རྒྱས་བསྡུས་འཚམ་པ་སྟེ། སླ་སར་སྟབས་འགྲེལ་དང་དཀའ་སར་ཞིབ་འགྲེལ་བྱེད་དགོས།
སློབ་ཚན་ཁྲིད་ཡུལ་གྱི་སློབ་མའི་སྣོད་རྟུལ་རྣོན་དང་། ཤེས་བྱའི་དཀའ་སླ། གཙོ་ཕལ་བཅས་ཀྱི་རིམ་པ་མི་འདྲ་བར་གཞིགས་ནས་རིག་པ་རྟུལ་བ་སོགས་སྔ་མ་རྣམས་ཡིན་ཚེ་ཕྲ་ཞིབ་ཀྱིས་ཁྲིད་དགོས་ལ། ཕྱི་མ་རྣམས་ཡིན་ཚེ་རགས་ཙམ་དང་ཐ་ན་མཛུབ་ཁྲིད་ཙམ་ལས་ཁྲིད་པའི་དགོས་པ་མ་ལྡན། བཀའ་འགྱུར་ལས། ཤཱ་རིའི་བུ་ལ་འདི་སྐད་དུ། ཁྱོད་དབང་པོ་རྣོན་པོ་ལ་ནི་ཆོས་རྒྱས་པར་མ་འཆད་ཅིག དབང་པོ་རྟུལ་པོ་ལ་ནི་ཆོས་མདོར་བསྡུས་ཏེ་མ་འཆད་ཅིག་ཅེས་གསུངས་པ་ལྟར་སློབ་ཚན་ཁག་གི་ཤེས་བྱའི་དཀའ་གནད་དང་། སློབ་མས་འཁྲུལ་སླ་བ། སློས་མས་ངེས་པར་རྟོགས་དགོས་པའི་གཙོ་གནད་སོགས་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་གསལ་འགྲེལ་དང་ཡང་འགྲེལ་བྱེད་དགོས་པ་ལས། སློབ་ཚན་ནང་ཐོན་པའི་རྒྱུན་བཀོལ་གྱི་ཐ་སྙད་སེང་གེ་ལྟ་བུར།
དེ་ནི་རྐང་ལག་བཞི་ཡོད་ཅིང་ཤ་གཟན་གྱི་སྲོག་ཆགས་ཡིན་པ་སོགས་སློབ་མས་ཤིན་ཏུ་གོ་སླ་བའི་ཐ་སྙད་ཅིག་གསལ་འགྲེལ་ལ་བརྟེན་ནས་རྙོག་འཛིང་ཅན་དུ་གཏོང་དགོས་པའི་དགོས་པ་མ་བདོག་པས་ཁ་མངར་མོ་ལྐུགས་པའི་སེམས་ན་གསལ། དེ་ཕྱིར་རྩ་བ་དོར་ནས་ཡལ་ག་འཛིན་པ་དང་རྒྱ་ཆེ་དཀྱིལ་སྟོང་གི་ལས་དུ་མ་ཞིག་ནི་རང་ཉིད་ངལ་བའི་རྒྱུ་རུ་ཟད།
(༦)སློབ་ཁྲིད་ཀྱི་རིགས་ལམ་གསལ་བ་དང་སྒྱུ་རྩལ་གྱིས་ཕྱུག་ཅིང་སྒྱུ་མ་ཕུ་འདེད་ཀྱིས་བརྗོད་སྙིང་འབུར་འདོན་བྱེད་དགོས།
སློབ་ཚན་གྱི་སྤྱི་དོན་ནམ་བརྗོད་བྱ་གཙོ་བོ་སྙིང་ཐིག་ཏུ་བཟུང་ནས་རྒྱས་བཤད་དང་རྐྱང་བསྐུམ་སོགས་ཇི་ལྟར་བྱས་ཀྱང་བརྗོད་དོན་མི་བརླག་པ། སྐད་ཆ་གོང་འོག་དང་སྔ་རྟིང་འབྲེལ་ཆགས་ཤིང་འགལ་བ་མེད་པ། སྔ་མ་སྔ་མ་ཕྱི་མའི་སྒྲུབ་བྱེད་དུ་འགྲོ་བ། སྐད་གདངས་མཐོ་དམའ་རན་པ། བཞད་གད་དང་མཚར་གཏམ་འོས་མཚམས་བཀོལ་ནས་ཉན་འདོད་ཀྱི་སྤྲོ་བ་སྟེར་བ་སྟེ།ཚགས་དམ་པའི་གཏན་ཚིགས་ཀྱི་སྐད་ཆ་དང་། གསོན་ཉམས་ལྡན་ཞིང་བག་ཆགས་པའི་ལུས་ངག་གི་ཕྱག་རྒྱ་སོགས་ལ་བརྟེན་ནས་སློབ་མའི་ཡིད་སེམས་བྱིངས་རྒོད་ཀྱི་ངམ་གྲོག་ལས་བསྐྱབས་ནས་བློ་རྩེ་གཅིག་སྒྲིམ་ཡོང་རྒྱུར་འབད་དགོས།
(༧)དགེ་རྒན་རང་ངོས་ཀྱིས་བཤད་རྐྱང་བྱེད་པ་ནས་བྱེད་སྒོ་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་ཐབས་སྤྱད་ན་སློབ་མའི་སྦྱང་འདོད་ཀྱི་དང་བ་འདྲེན་དགོས།
དེང་དུས་སློབ་མ་མི་ཉུང་བ་ཞིག་བོད་སྐད་ཡིག་ལ་དུང་ཞེན་དང་སྐོམ་པ་ཆུ་འདོད་ལྟར་ཤེས་འདོད་ཅན་ནི་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ། དེས་ན་སློབ་མའི་བོད་སྐད་ཡིག་སྦྱང་འདོད་ཀྱི་ཁམས་དང་མོས་པ་གསོ་རྒྱུ་ནི་གལ་འགངས་ཆེ། ཅིའི་ཕྱིར་ཞེ་ན་དད་པ་ནི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་མ་ཡིན་སྟེ། མདོ་ལས། ཤཱ་རིའི་བུ། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། ། ཞེས་བསྟན་པ་ལས། དགེ་རྒན་རང་ངོས་ཚོགས་ཐུན་ཧྲིལ་པོ་གསུང་སྐད་འབྲུག་ལྟར་སྒྲོག་ཅིང་སྐུ་ཡོན་མ་ལུས་བཤད་སྟེགས་སུ་བཤམས་ཏེ། ན་བའི་སྟེང་དུ་སྨྱོ་བ་ལྟར་འཁྲབ་ཀྱང་སློབ་མ་རྣམས། འགའ་རེ་ནི་བདེ་བའི་གཉིད་ཀྱི་ཞིང་ཁམས་སུ་མྱུལ་བ་དང་། རེ་འགའ་ནི་ལུང་དོན་མི་རྟོགས་པས་ནེ་ཙོ་ལྟར་ཧད་དེ་ལུས་པ། རེ་ཟུང་ནི་དད་མོས་ཀྱི་དབུལ་བས་བོང་བུའི་རྣ་བར་ཆོས་བཤད་ཀྱི་འདུ་ཤེས་འཛིན། དེས་ན་རྗེ་འབངས་ལྟར་གྱི་སློབ་ཐབས་ཀྱི་བཀག་རྒྱ་སིལ་བུར་གཏོར་ནས་འདྲ་མཉམ་དང་མཉམ་བཞུགས་ཀྱི་བྱེད་སྒོ་གང་མང་སྤེལ་དགོས། དཔེར་ན། སྙན་ངག་གྱེར་འདོན། བརྩམས་སྒྲུང་དང་ཟློས་གར་སོགས་འཁྲབ་ཏུ་བཅུག་པ། ཡིག་གཟུགས་འགྲན་བསྡུར་སྤེལ་བ། རྩོམ་ཡིག་དང་བློ་འཛིན་འགྲན་བསྡུར་སྤེལ་བ། རྩོད་གླེང་དང་གཏམ་བཤད་འགྲན་བསྡུར་སྤེལ་བ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་དེ་དག་བརྒྱུད་ནས་སློབ་མའི་བོད་སྐད་ཡིག་སྦྱོང་འདོད་ཀྱི་དང་བ་འདྲེན་ཐུབ་བྱ་དགོས།
(༨)བརྩམས་ཆོས་ཀྱི་སློབ་གསོའི་ནུས་པར་གཙིགས་འཛིན་གྱི་མི་ཆོས་སློབ་གསོ་སྤེལ་དགོས།
རྩོམ་རིག་བརྩམས་ཆོས་སློབ་ཁྲིད་བྱས་ནས། ཤེས་རྟོགས་ཀྱི་ནུས་པ་གསོ་སྐྱོང་དང་མཛེས་དཔྱོད་ཀྱི་ནུས་པ་བསྐྱེད་བསྲིང་སོགས་དགོས་པ་དུ་མ་ཞིག་ཡོད་པ་ལས།སྒྱུ་སྐར་དབུས་ན་ཟླ་བ་བཞིན་གཙོ་བོའི་ནང་གི་གཙོ་བོ་ནི་བརྩམས་ཆོས་ཀྱི་སློབ་གསོའི་ནུས་པའི་སྐོར་དེ་ཡིན་པར་འདོད། དེ་ཡང་རང་རྒྱུད་མི་བསྲུན་མ་རུངས་པའི་མ་རིག་མུན་པའི་སྨག་རུམ་ཀུན་ནས་འཐིབས་ཤིང་སེམས་ཀྱི་གླང་སྨྱོན་ཁ་ལན་དཀའ་བའི་དུས་སུ། ཆོས་དང་གང་ཟག་སོ་སོར་མི་སོང་བར་ཐམས་ཅད་རང་རྒྱུད་ལ་སྦྱར་ནས་ནན་ཏན་ལག་བླངས་བགྱིས་ན། གོམ་པ་རིམ་བགྲོད་ཀྱི་ནམ་ཞིག་ལེགས་ལམ་དུ་དྲོངས་པའི་ཀུན་གྱི་མིག་དཔེར་འོས་པ་དུ་མ་བྱུང་མྱོང་སྟེ། དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་དང་། དགེ་བཤེས་འབན་གུང་རྒྱལ་སོགས་སོ། །རྗེ་མི་ལས། ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན།། ངས་ཤེས་སོ་ཟེར་ཡང་མགོ་བསྐོར་ཡིན། ། གསུངས་པ་དང་། བཀའ་གདམས་པའི་དགེ་བཤེས་ཕུ་ཆུང་བས། ཆོས་ཆོས་བྱས་ཀྱང་རང་གི་འདྲེ་རིག་རིག་པོ་འདི་སོ་འོག་ཏུ་འཇུག་ཅེས་པ་ཞིག་ལ་ཟེར། དེ་ཕྱིར་གཞུང་ལུགས་ཐམས་ཅད་བསླབ་གདམས་སུ་ཤར་བ་བྱས་ནས་སྒོ་གསུམ་གྱི་ཉེས་སྤྱོད་འབུར་འཇོམས་བྱ་རྒྱུ་གལ་ཆེ། 《རོ་སྒྲུང》གི་དཔེ་བསྐྲུན་གསལ་བཤད་དུ། འདིར་སྡུག་རུས་དང་སྙིང་རུས་མེད་པ་རྣམས་ཀྱི་དོན་དུ་རྒྱལ་པོ་བདེ་སྤྱོད་བཟང་པོའི་རྣམ་ཐར་འཆད་རྒྱུ། ཞེས་པ་སོགས་མདོར་ན་སློབ་ཁྲིད་ནང་དུ་སློབ་མའི་དོན་དངོས་དང་མཐུན་པའི་མི་ཆོས་སློབ་གསོ་སྤེལ་རྒྱུར་མཐོང་ཆེན་བགྱིས་ན་ཕན་འབྲས་དུ་མ་ཞིག་འབྱུང་ངོ་།།
(༨)དགེ་རྒན་གྱི་རང་དཔེ་གཞན་སྟོན་བགྱིས་ནས་སློབ་ཕྱིའི་ལྟ་ཀློག་ལ་སྐུལ་འདེད་བྱ་དགོས།
ལྟ་ཀློག་གི་གལ་ཆེ་ཆུང་ཇི་ཙམ་བརྗོད་ཀྱང་དགེ་རྒན་རང་ངོས་ནས་དབུ་ཚུགས་སྟེ་དཔེ་སྟོན་མ་བྱས་ན་མཛེ་ཅན་གྱི་གདམ་ངག་བཞིན་གྱུར་བས། ཞོགས་སྦྱོང་དང་མཚན་སྦྱོང་གི་རང་སྦྱོང་དུས་ཚོད་ནང་དགེ་རྒན་རང་ཉིད་ནས་དཔེ་དེབ་ལྟ་ཀློག་བྱས་ནས་རང་དཔེ་གཞན་སྟོན་དང་། གཟའ་འཁོར་གཅིག་ནང་ཉུང་མཐར་ཡང་ཚོགས་ཐུན་གཅིག་སློབ་མར་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་བྱེད་དུ་བཅུག་པ། དེ་བཞིན་སློབ་མའི་གནས་ཚད་དང་འཚམ་པའི་སློབ་ཕྱིའི་སློབ་དེབ་ངོ་སྤྲོད་བྱེད་པ་བཅས་སོ།།
མདོར་ན་གོང་དུ་ཁོ་བོས་རང་སྣང་གང་དྲན་དང་ལོང་བས་གླང་ཆེན་ལ་ལག་སྙོབ་བྱེད་པ་ལྟར་དོན་དངོས་དང་མི་མཐུན་ཞིང་། མ་རྟོགས་ལོག་རྟོག་འཁྲུལ་བཤད་དང་འགལ་ནོངས་ཀྱི་ཆ་དུ་མ་མཆིས་སྲིད་པས། རྣམ་དཔྱོད་མཁྱེན་ཡངས་ཀྱི་བློ་ལྡན་རྣམ་པས་ལེགས་སྤེལ་ཉེས་འགོག་དང་། མཛུབ་མོ་རི་སྟོན་ཚུལ་གྱི་དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན།
ཡོང་ཁུངས། མཐོང་བ་ཀུན་གྲོལ་སྐད་འཕྲིན་སྤྱི་སྟེགས།
ལྷ་སའི་སློབ་གསོའི༢༠༡༨ལོའི་དུས་དེབ་དང་པོ་ལས་བཏུས།
རྩོམ་སྒྲིག་འགན་ཁུར་བ། ཕུར་བུ་སྲིད་ཐར།
|
|