您当前的位置:首页 > 教师资源 > 教师研究 > 教师论文
དཔེ་ཆོས་རིན་ཆེན་སྤུངས་པ་བཀླགས་རྗེས་ཀྱི་མྱོང་བ་མདོར་བསྟན།
信息编号:124 发布者:ADMIN 发布时间:2019-04-27 15:02:48 关注:
    དཔེ་ཆོས་རིན་ཆེན་སྤུངས་པ་བཀླགས་རྗེས་ཀྱི་མྱོང་བ་མདོར་བསྟན།
    ལྷ་ས་གྲོང་ཁྱེརམཐོ་འབྲིང་གཉིས་པ། སྐལ་བཟང་རྒྱལ་མཚན།
    ནང་བསྟན་བསྟན་པ་རིན་པོ་ཆེའི་་གྲུབ་མཐའ་སྨྲ་བ་ཆེན་པོ་བཞི་དང་།ཡང་སྒོས་སུ་བོད་བརྒྱུད་ནང་བསྟན་ཤེས་རིག་གི་ཆོས་བརྒྱུད་གང་དུ། ལེགས་སྦྱར་སྐད་དོད་དུ་གུ་རུ་སྟེ་རང་སྐད་དུ་བླ་མར་འབོད་པའི་བླ་མ་ནི།དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་སྒོ་སྟེ། རྣམ་དཀར་དགེ་སྦྱོར་ལས་ལ་སྐུལ་བའི་དེད་དཔོན་དང་།  མ་རིག་མུན་པ་སེལ་བའི་སྒྲོན་མེ། བློ་སྣ་བཟང་སྤྱོད་དུ་བསྒྱུར་བའི་གསེར་འགྱུར་རྩི།ཚོགས་བསགས་དགེ་སྒྲུབ་ཀྱི་རྟེན་གྱི་དང་མ་བཅས་ཡིན་པས། སྐུ་དྲིན་ནམ་མཁའ་ལས་ཟབ་ཅིང་མཛད་འཕྲིན་ས་ཆེན་པོའི་རྡུལ་གྱིས་ཀྱང་གཞལ་དཀའ་བའི་བཀའ་གདམས་པའི་བཤེས་གཉེན་གོང་མ་དག་དང་།ཡང་སྒོས་དགེ་བཤེས་པོ་ཏོ་བའི་སྐུ་དྲིན་དྲན་ཞོར་གང་ཉིད་ཀྱིས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》བཀླགས་རྗེས་སུ་རང་ངོས་ཀྱི་སློབ་གསོ་སློབ་ཁྲིད་ལ་སྨན་པའི་བློ་བསྐྱེད་སྣ་ཟིན་སྤུ་ཟིན་འགའ་བྱུང་བ་གཤམ་དུ་འགོད་པར་བྱའོ།།

    གཅིག གཞུང་གང་ཉིད་མཛད་པ་པོ་དགེ་བཤེས་པོ་ཏོ་བའི་མཛད་རྣམ་ཆེ་ལོང་ཙམ་བརྗོད་པ།
    དགེ་བཤེས་པོ་ཏོ་བ་ཞེས་མཚན་གསོལ་བའི་རྒྱུ་མཚན་ནི་རྭ་སྒྲེང་གི་གདན་ས་ལོ་གཅིག་བསྐྱངས་མཐར་རྨི་ལྟས་ལ་བརྟག་སྟེ།དེར་མ་བཞུགས་པར་བྲག་རྒྱབ་ཏུ་ཕེབས་ཤིང་གནས་འདིའི་རི་པོ་ཏོ་སྟེ་པོ་ཐོ་ལྟ་བུ་ཞིག་ཡོད་པ་དེའི་སྟེང་དུ་དགོན་པ་བཏབ་ནས་བཞུགས་པས་པོ་ཏོ་བའམ་པུ་ཏོ་བར་གྲགས།རིན་ཆེན་གསལ་ཞེས་པ་ནི་རབ་ཏུ་བྱུང་སྐབས་བཏགས་པའི་མཚན་ཞིག་ཡིན། ཇོ་བོ་རྗེ་དང་འབྲོམ་རིན་པོ་ཆེ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཞུས།དགེ་བཤེས་སྟོན་པས་སྤྱིར་སྐུ་མཆེད་གསུམ་པོ་ཐམས་ཅད་ལ་མཉེས་ཤིང་། ཁྱད་པར་པོ་ཏོ་བ་ལ་ངའི་ཇོ་བོ་ཆེན་པོ་གསུང་ནས་ཤིན་ཏུ་མཉེས་ཤིང་སྲས་ཀྱི་ཐུ་བོར་གྱུར།བཀའ་གདམས་གཞུང་པའི་སྲོལ་བཏོད་ཅིང་བཀའ་གདམས་ཞེས་པའི་སྙན་པའི་སྒྲ་བོ་ཆེ་དེ་ཡང་ཁོང་གི་རིང་ནས་ཀུན་ལ་གྲགས་པར་གྱུར།དགེ་བཤེས་ཆེན་པོ་པོ་ཏོ་བ་མཆོག་ནི་ཐོས་བྱུང་གི་ཤེས་རབ་རྨད་དུ་བྱུང་ཞིང་རྒྱལ་བའི་གསུང་རབ་ཐམས་ཅད་ལ་བྱང་ཆུབ་པར་མ་ཟད།སློབ་ཁྲིད་ཀྱི་བྱེད་ཐབས་ཀྱང་ཕྱིའི་མཐོང་ཆོས་སུ་གྱུར་བའི་དཔེ་དུ་མའི་སྒོ་ནས་ཆོས་ཁྲིད་མཛད་པའི་ཐུན་མིན་ཕྱག་སྲོལ་མཛད་པས་སློབ་མ་སྟོང་ཁ་ཤས་འཁོར་དུ་འདུས་ཏེ་བསྟན་པ་ལ་རྔོ་ཐོགས་པའི་མཛད་འཕྲིན་འབའ་ཞིག་བསྐྱངས།   འཕན་པོའི་ཁ་དཔེ་ལའང།  པོ་ཏོའི་སྒོ་ལ་སུ་འཛུལ་རྒྱལ། ། སྡིངས་མའི་ཆུ་ལ་སུ་འཐུང་རྒྱལ།།ཞེས་ཀུན་གྱིས་རླུང་ལྟར་གྲགས། 

    གཉིས།  གཞུང་གང་ཉིད་མཚམས་སྦྱོར་མདོར་བསྡུས།
    དགེ་བཤེས་པོ་ཏོ་བ་མཆོག་གི་ཕྱག་རྩོམ་གཙོ་བོར《དཔེ་ཆོས་རིན་ཆེན་སྤུངས་པ》དང《བེའུ་བུམ་སྔོན་པོ》

    གཉིས་ཡོད་ཅིང་། དུང་དཀར་ཚིག་མཛོད་དུ།ཁོང་གིས་དཔེ་སྣ་ཚོགས་དང་སྦྱར་ནས་ཆོས་གསུངས་པའི་དཔེ་རྣམས་སློབ་མ་རྣམས་ཀྱིས་ལམ་རིམ་དང་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པོ་ཏོ་བའི་དཔེ་ཆོས་ཞེས་བྱ་སྟེ།ཞེས་གསལ་བ་ལྟར་དཔེ་ཆོས་རིན་ཆེན་སྤུངས་པ་ནི་དགེ་བཤེས་པོ་ཏོ་བས་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་ཆོས་དེ་ནར་མར་བསྟན་ན་ཀུན་གྱིས་གོ་དཀའ་བར་དགོངས་ཏེ།གོ་དཀའི་ཆོས་ཐམས་ཅད་འཇིག་རྟེན་ཐོག་སྣང་བའི་དཔེ་སྣ་ཚོགས་ཀྱི་སྒོ་ནས་དོན་གཏན་ལ་ཕབ་ཅིང་བསྟན་པ་དང་།དཔེ་དུ་མའི་སྒོ་ནས་གསུངས་ན་ཆོས་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བ་དང་། ཉན་པ་པོར་སྤྲོ་བ་འཕེལ་བ་སོགས་མཆིས་པས་གཞན་འདྲིང་མི་འཇོག་པར་དགོངས་པ་ཟབ་ཁྱད་ཀྱི་ཡིན་སྙམ།

    གསུམ་པ། པོ་ཏོ་བས་དཔེ་ཆོས་རིན་ཆེན་སྤུངས་པ་བརྩམས་པའམ་གསུངས་བའི་དགོངས་པ་བླ་ལྷག་ཅན།
          བོད་བཙན་པོའི་རྒྱལ་རབས་ཀྱི་དབུ་རྨོག་བཙན་པོ་རྨང་ནས་གཞིག་པས། བོད་འབངས་ཐམས་ཅད་འཚི་ཚིས་སྡུག་གི་རྒྱ་མཚོར་སྐྲད་པ་དང་།བསྟན་སྲིད་ཀྱི་རྨ་ཁ་ཆེ་ཆེར་བརྟས་ཏེ། མི་སྡུག་ཐོ་ཅོའི་སྤྱོད་པས་གནམ་གྱིས་ས་བཀབ་པ། ནང་དམེ་དང་སྡེ་གཟར་འཁྲུག་པའི་ཁྱི་ཚོགས་ནང་མུར་གྱི་འོ་དོད་ཆེ་ཆེར་སྒྲོག་པས།  སྤྱི་ཚོགས་ཁོར་ཡུག་ཉམས་དམའ་བ་དང་སྲིད་འབྱོར་རིག་གསུམ་མར་ངོའི་ཟླ་ལ་འགྲན་པ་སྟེ།ལེགས་འཕྲུལ་ལས། གནའ་མི་མཁས་པ་འདས། ད་ནི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་དུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག ཅེས་གསུངས་པ་ལས་རྟོགས་ནུས། དེ་ཕྱིར་འབངས་ཀྱི་གོ་རྟོགས་དམན་ཞིང་དམའ་བའི་དུས་དེའི་ཚེ།གོ་བདེ་རྟོགས་སླའི་ལམ་ནས་ལམ་གྱི་རིམ་པ་དང་མདོ་སྔགས་ཟུང་གི་འཆད་ཉན་སྤེལ་རྒྱུ་ནི་ཡུལ་ཅན་སྣོད་ཀྱི་ཐུན་མིན་ཁྱད་པར་ཞིག་ཡིན་པས།དགེ་བཤེས་པོ་ཏོ་བས་ཀྱང་ཐུགས་ཀྱི་གཏིང་རུམ་དང་རྟོགས་པའི་རྣམ་དཔྱོད་ཡོད་རྒུ་རྩལ་སྤྲུག་གིས་མཐར་ཕྱི་རོལ་ཡོངས་གྲགས་ཀྱི་སྣང་ཆོས་དང་བཤད་སྒྲོས་སོགས་ལ་བརྟེན་ནས་འཆད་ཉན་སྤེལ་རྒྱུའི་ཁྱད་འཕགས་ཁྱད་ཡོན་གཞལ་དུ་མེད་པ་མཁྱེན་སྟབས།མཐོང་ཆོས་མྱོང་དུ་ཡོད་པའི་དཔེ་ལ་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་སྐྱེ་བོ་གསུམ་གྱི་ལམ་གྱི་རིམ་པའི་ཆོས་དང་སྦྱར་ནས་གསུངས་པའི་འཆད་སྲོལ་ཐུན་མིན་ཞིག་གི་ཕྱག་སྲོལ་མཛད་ཅིང་།ཕྱིས་ཉ་མ་ཉེ་གནས་དག་གི་ཕྱག་སྲོལ་དེ་རིགས་རྒྱུད་འཛིན་དང་ཕྱོགས་སྒྲིག་མཛད་པས། ད་ལྟ་རླུང་ལྟར་གྲགས་པའི་དཔེ་ཆོས་ཀྱི་རིག་གནས་འདི་དར་བར་སྙམ།བཀའ་གདམས་རྩོམ་རིག་གསལ་བའི་སྒྲོན་མ་ལས། དཔེ་ཆོས་ནི་དཔེ་ཙམ་པོ་བ་ལས་དོན་གྱི་གོ་བ་སྟེར་བའི་ནུས་པ་མྱུར་བ་དང་།དོན་སྟོན་ཚུལ་ཟབ་པ་དང་། དོན་གྱི་འཇལ་ལོན་བདེ་བ་དང་། བྱིང་རྨུགས་གསོ་ཞིང་འཕྲོ་བ་བསྡུ་ཞིང་དགོད་བྲོ་ཡིད་འཕྲོག་སོགས་ཀྱི་ཟབ་ཁྱད་ཤིན་ཏུ་མང་བ་ཡིན་ནོ།། ཞེས་གསལ་བ་ལས་ཀྱང་དཔེ་ཆོས་ཀྱི་ཐུན་མིན་ཁྱད་ཆོས་མཚོན་ཐུབ།

    བཞི་པ། དགེ་བཤེས་པོ་ཏོ་བས་ཚུལ་ཇི་ལྟ་བུའི་སྒོ་ནས་དཔེ་ཆོས་གསུངས་པའི་མཚན་དཔེའི་ཤ་ཚུགས།
          བཀའ་གདམས་གླེགས་བམ་སོགས་ལས།  པོ་ཏོ་བ་ཞེས་པ་སྐུའི་རྣམ་པ་གདོང་དཀྱུས་ཐུང་ངེ་བ།དམར་ལ་དཀར་བའི་མདངས་ཆགས་པ། སྤྱན་རྩ་ཧུར་རེ་མཛད་པ་ཞིག་བཞུགས། ཆོས་གསུངས་དུས་ཧུར་བཏོན་ནས་གསུངས་པར་དང་པོ་ཕྱམ་ཚེ་ཞུས།དེ་ནས་བླ་གོས་ཀྱང་རྐེད་སོ་ཙམ་དུ་ཞུས་ཤིང་འགྲོ། ཐུགས་ཤེས་རབ་ཤིན་ཏུ་ཆེ་བའི་ཚིག་བཞི་པ་རེ་ལའང་འདིའི་ཆ་ནས་འདི་ལྟར་འགྲོ།འདིའི་ཆ་ནས་འདི་ལྟར་འགྲོ་ཞེས་དོན་མི་འདྲ་བ་བཅུ་བཅུ་ཙམ་འཆར་བ་ལགས་སྐད། ཅེས་གསུངས་པ་ལས་ཁོང་གིས་ཆོས་གསུངས་པའི་རྣམ་པ་དོན་སྤྱིའི་ཚུལ་གྱི་ཅུང་ཟད་རྟོགས་ནུས།

    ལྔ་པ། ཁྱབ་ཆེ་ཁྱད་གཟུགས་ཀྱི་དཔེ་ཆོས་འགའ་དྲངས་སྟེ་དེས་དེང་གི་སློབ་གསོ་སློབ་ཁྲིད་ལ་གནའ་བཟང་དེང་སྤྱོད་བྱ་ཚུལ་བསྟན་པ།
    དང་པོ། གསེར་གྱི་ཁྲོན་རྡོལ། མཛེ་བོའི་མན་ངག ཅེས་པའི་མཚན་གཞི་ཅན་གྱི་དཔེ་ཆོས་གཉིས་ཀྱིས་དགེ་རྒན་གྱི་ལྟ་སྤྱོད་གཉིས་ཀྱི་ཐད་ནས་སློབ་མར་རང་དཔེ་གཞན་སྟོན་བྱེད་དགོས་པར་གདམས་པ་སྟེ།ལྟ་སྒོམ་སྤྱོད་གསུམ་གྱི་ཐད་ནས་སློབ་མར་འདུན་པ་དང་རེ་བ་ཇི་ལྟར་བཏོན་པ་བཞིན་དགེ་རྒན་རང་ཉིད་ནས་དབུ་བརྩམས་ཏེ།དོན་དངོས་འཚོ་བའི་དངོས་ཤུགས་བརྒྱུད་གསུམ་ནས་སློབ་མར་དཔེ་སྟོན་དང་སྣེ་ཁྲིད་བྱ་དགོས་ཤིང་།  དེ་ལྟར་བགྱི་བཏུབ་ན་དགེ་རྒན་གྱི་སློབ་མར་བསླབ་གདམས་བྱེད་དུས་གོ་བསྐོན་བློ་འགུག་གི་མཐུ་ནུས་ཆེ་ཞིང་།  བཀའ་མཆིད་ཀྱི་ཟིལ་ཤུགས་བཙན་པ། དོན་ལ་སྨིན་ཞིང་ཡིད་མཆེས་འཕེར་བ།དགེ་རྒན་གྱི་བཙན་བརྗིད་དང་གོང་བཀུར་དད་པའི་གསོས་སུ་གྱུར་པ་བཅས་ཀྱི་ནུས་པ་མངོན་མིན་ཞིག་ཐོན་ནུས།་

    གཉིས་པ།  མས་བུ་གསོ། བུ་ཆུང་ཁ་ཅན་ཁ་མེད།ཅེས་པའི་དཔེ་ཆོས་གཉིས་ཀྱིས་སློབ་མའི་ཁམས་དང་། དབང་པོ། བསམ་པ།  མོས་པ། བག་ལ་གཞའ་སོགས་མི་འདྲ་བར་གཞིགས་ནས་དེ་ལུགས་ཀྱི་སློབ་གསོ་སྣེ་ཁྲིད་བྱེད་དགོས་པ་སྟེ།གསུང་སྒྲོས་སུ། གང་ལ་གང་འདུལ་དང་། དེ་ལ་དེ་སྟོན། ཞེས་པ་བཞིན་སློབ་མ་བརྟག་སྟེ་སྣོད་བསྟུན་གྱི་སྣེ་ཁྲིད་དང་།  བྱམས་དང་བརྩེ་བ་ནི་སློབ་གསོའི་མན་ངག་ཉག་གཅིག་ཡིན་པས།སློབ་མ་བློ་བརྟུལ་བ་དང་སྤྱོད་པ་ཐོ་ཅོ་ཇི་ལྟར་ཡང་ཡུན་རིང་ངང་རིང་གི་ཁྲིད་སྟོན་དགོས་པ་ལས།དགེ་སློབ་ཀྱི་དམ་ཚིག་ཉམས་ཤིང་དགྲ་ཟུན་ལྟར་སུས་སུ་ཡང་མཐོང་མི་འདོད་ཅིང་མི་གཙང་ལྗན་ལྗིན་ལྟར་གྱི་འདུ་ཤེས་སྐྱེས་ཙ་ན་ཡང་དག་སློབ་གསོའི་ནི་ཉིན་སྐར་ལྟར་རོ།  །

    གསུམ་པ། ར་འདེད་འདྲ། ཞེས་པའི་དཔེ་ཆོས་ཀྱིས་ལྟ་སྤྱོད་ཡ་མ་བྲལ་བའི་སློབ་མ་བཟང་སྤྱོད་ཅན་ཞིག་གསོ་སྐྱོང་བྱ་རྒྱུར་སྐུལ་བ་སྟེ།སློབ་མ་དམུ་རྒོད་ཅན་ལ་དངོས་ཤུགས་ཅི་རིགས་ནས་བཀའ་བསྐྱོན་དང་ཕྲ་མོ་ལུས་ངག་གི་བརྡ་ལ་བསྟན་ནས་ཁེངས་པ་བསྙིལ་ཐབས་དང་།  བྱིངས་རྨུག་ཅན་ལ་མཚར་གཏམ་དང་དབང་པོའི་བློ་རིག་འཕྲོ་བ་ལས་བསྡུ་བའི་ལུས་བརྡ་སོགས་བསྟན་ཏེ།ཡིད་ཀྱི་དང་ཀ་གསོ་ཐབས་ཇི་སྙེད་ཅིག་འཚོལ་བསྙེགས་བྱའོ།།

    བཞི་པ།  སྨྱོན་པའི་ལམ། ལོང་བས་མིན།ཞེས་པའི་དཔེ་ཆོས་གཉིས་ཀྱིས་དགེ་རྒན་ཞིག་ཡིན་ཙ་ན་དངོས་ཤུགས་བརྒྱུད་གསུམ་ནས་རང་གི་གོ་རྟོགས་དང་ཐོས་པ་རྒྱ་ཆེར་བསྐྱེད་ནས་དགེ་རྒན་མཚན་ཉིད་དང་ལྡན་པ་ཆགས་རྒྱུའི་རྒྱུ་གསོག་ལ་གཞོལ་དགོས་པ་ཡིན་ཏེ།རྗེ་རིན་པོ་ཆེས་རྟོགས་བརྗོད་འདུན་ལེགས་མར། དང་པོར་རྒྱ་ཆེར་ཐོས་པ་མང་དུ་བསགས། ། ཞེས་དང་རྗེ་མི་ལས་གནས་ལུགས་མ་རྟོགས་བར་དུ་གཞན་དོན་ལ་མ་རིངས།ལོང་བས་ལོང་བ་ཁྲིད་པ་དང་འདྲ་ཞིང་རང་འདོད་དུ་ཤོར་ཉེན་ཡོད། ཅེས་གསུངས་པའི་བསླབ་གདམས་རྡུལ་བརྩེགས་ལས་དོན་གཉིས་ལ་གཞོལ་བའི་སྐྱེ་བོ་རང་ག་བ་ང་ཚོས་ཀྱང་འཇིག་རྟེན་གྱི་བྱ་བ་ཕྲ་རགས་དང་།ཕྲལ་ཕུགས། དགེ་སྡིག སྤང་བླང་། འགལ་འདུ། ལེགས་ཉེས་ཅི་ཡིན་རུང་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་རྩིས་ཟིན་པས་ཐག་གཅོད་དང་དགག་སྒྲུབ་སྤང་བླང་བགྱིས་མི་དགོས་པ་ནི་སྣ་གཅིག་ཀྱང་མ་མཆིས་ན།རྣམ་དཔྱོད་གོང་དུ་འཕེལ་ཞིང་སྤེལ་བའི་སྒོ་ཐམས་ཅད་ལ་སྐོམ་པ་ཆུ་འདོད་ལྟར་གྱི་ཁ་ཕྱོགས་ནས་དཀའ་བ་བརྒྱ་དང་རྩོལ་བ་འབུམ་གྱིས་གཞོལ་དགོས་པ་ལྟ་ཅི་སྨྲོས།  ཡང་སྒོས་གཟི་བརྗིད་དང་དཀའ་ཚེགས་གཉིས་ལྡན་གྱི་དགེ་རྒན་གྱི་ལས་གནས་འདི་རིགས་ནི་ཤེས་རབ་ཀྱི་སྒོ་དུ་མས་སྐྱོངས་དགོས་པ་ཡིན་པས་ད་ཐེངས་གསོ་སྦྱོང་འདིར་སློབ་གསོ་སླིབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བའི་འཆད་ཁྲིད་ཁག་གིས་གཅིག་ནས་རང་ཉིད་ཀྱི་ཐོས་པ་གོང་དུ་འཕེལ་བ་དང་།དེ་བས་གལ་འགངས་ཆེ་བ་ཞིག་ནི་ཐོས་བསགས་ཀྱི་གལ་ཆེའི་རང་བཞིན་གྱི་བློ་བསྐྱེད་དང་ཕྱིས་འབྱུང་དུས་ཀྱི་ཁོམ་པ་གང་ཡོད་བཙལ་ནས།དཔེ་ཀློག་ལ་གཞོལ་རྒྱུའི་ཆོད་སེམས་དང་སྐུལ་སློང་ངར་མ་ཞིག་སེམས་ཀྱི་ཀློང་དང་ཡིད་ཀྱི་གཏིང་རུམ་དུ་འཁོར།  དེ་བས་རང་དཔེ་གཞན་སྟོན་ཚུལ་གྱི་དགེ་རྒན་རང་ངོས་ནས་དཔེ་ཀློག་ལ་མཉེས་ཤིང་དཔེ་སྟོན་མཛད་ན་སློབ་མས་ཀྱང་རང་ཤུགས་སུ་དཔེ་ཆ་ལྟ་ཀློག་བྱེད།དེ་ལས་ལྡོག་ན་མཛེ་བོའི་གདམས་པ་བཞིན་ཉེ་གནས་སློབ་མའི་ཚོགས་ལ་དེའི་གལ་ཆེའི་རང་བཞིན་ཇི་ཙམ་བཟློས་ཀྱང་གཏམ་ལ་ཡིད་འགུག་དང་ལབ་ལ་བླ་དང་བྲལ་བ་ལྟར་རོ།། མ་ཟད་སློབ་ཁྲིད་ཚད་ལྡན་ཞིག་དང་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ཆགས་དགོས་ན། རྒྱ་ཆེར་ཐོས་པས་ཟུར་རྒྱན་པའི་སློབ་ཁྲིད་ཁྲིད་ཟིན་གྲ་རྒྱས་ཕུན་ཚོགས་ཀྱི་རྒྱབ་བརྟེན་དང་།སློབ་ཁྲིད་སྐབས་སུ་སློབ་མའི་དང་བ་འདྲེན་པའི་ལྕགས་ཀྱུ་ལྟ་བུའི་མཐུ་ནུས་ཀྱང་ཐོན་སྲིད་པས་གནས་འདི་ལ་བླ་སློབ་ཀུན་གྱིས་ནམ་ཞར་དུ་ཡང་གཞོལ་ཅིང་འབད་དགོས་པའི་གནད་ཅིག་གོ།
    མྱོང་འཆར་ཐན་ཐུན་འདིར་མ་རྟོགས། ལོག་རྟོག དོན་མི་འགྱུར་གྱི་ཐེ་ཚོམ་གྱི་ཆ་དུ་མ་ཞིག་མཆིས་པས།  རྣམ་དཔྱོད་ཀྱི་སྤྱན་དཀྱུས་ཡངས་ཤིང་།བློ་གྲོས་ཀྱི་འཇུག་པ་ཕྲ་བའི་བློ་ལྡན་རྣམས་པས་མཛུབ་མི་རི་སྟོན་ཚུལ་གྱིས་བཀའ་སློབ་གང་མང་ཡོད་པ་མཁྱེན།

    རྩོམ་སྒྲིག་འགན་ཁུར་བ།ཕུར་བུ་སྲིད་ཐར།
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图