您当前的位置:首页 > 教师资源 > 教师研究 > 教师论文
༄༅། །བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལས་འབྱུང་ཁུངས་ཀྱི་གནད་དོན་ཅུང་ཟད་བཤད་པ།
信息编号:125 发布者:ADMIN 发布时间:2019-04-27 15:03:54 关注:
    ༄༅། །བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལས་འབྱུང་ཁུངས་ཀྱི་གནད་དོན་ཅུང་ཟད་བཤད་པ།

    ལྷ་ས་པེ་ཅིང་སློབ་འབྲིང་གི་བསོད་ནམས་ཆོས་འཛོམས་དང་ལྷ་ས་ཅང་སུ་ཚོད་ལྟའི་སློབ་འབྲིང་གི་བསོད་ནམས་ཚེ་རིང་ཆུང་བ།

    ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བརྡ་སྤྲོད་ཀྱི་བསྟན་བཅོས་མང་པོའི་ནང་འབྱུང་ཁུངས་ཀྱི་གནད་དོན་ལ་གཅིག་འགྱུར་གྱི་འདོད་ཚུལ་མེད་པར་མཁས་པ་སྔ་ཕྱིའི་བཞེད་པ་མང་བ་མ་ཟད། དེའི་ཐད་དོགས་གནད་མང་དུ་མཆིས་པས། སློབ་མས་ཀྱང་ངོས་འཛིན་གསལ་པོ་མ་བྱུང་ལ་སྔ་འདང་ཕྱི་འདང་མེད་པར་ཐད་ཀར་མཁྲེགས་འཛིན་བྱེད་པའི་སྣང་ཚུལ་དུ་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས། སློབ་དཔོན་ཐོན་མིས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཇི་ལྟར་བསྟན་ཚུལ་དང་། གནའ་དེང་མཁས་པས་ཇི་ལྟར་འགྲེལ་ཚུལ་ལ་གཞིགས་ཏེ། ནས་ལས་ཀྱི་ཚིག་ཕྲད་གཉིས་རང་དབང་ཅན་དང་། གཞན་དབང་ཅན་གཉིས་ལས་གང་དུ་འཇོག་དགོས་མིན་དང་། དེ་གཉིས་ཀྱི་དོན་སྟོན་ཚུལ་སོགས་ལ་འདོད་ཚུལ་ཅུང་ཟད་གླེང་འདུག

    གནད་ཚིག  བརྡ་སྤྲོད། འབྱུང་ཁུངས། ནས་ལས། རྣམ་དབྱེ།

    དེའང་། སློབ་དཔོན་ཐོན་མི་མཆོག་གིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་གཞུང་བརྒྱད་བརྩམས་པར་གྲགས་ཀྱང་། བསྟན་པ་འཕེལ་འགྲིབ་དབང་གིས་སུམ་རྟགས་གཉིས་རང་རེའི་བགོ་སྐལ་དུ་ལུས། དེས་ན་སུམ་རྟགས་གཉིས་ཀྱི་རྩ་བ་ལ་དུས་རབས་མི་འདྲ་བའི་ནང་འགྲེལ་པ་རྒྱས་བསྡུས་སྣ་ཚོགས་བྱུང་བ་སྟེ། དུས་རབས་བཅུ་པའི་སྐབས་སུ་སློབ་དཔོན་དྲན་པའི་ཡེ་ཤེས་གྲགས་པ་མཆོག་གིས་དེང་སྐབས་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གཞལ་རྒྱུ་ཡོད་པའི་སུམ་རྟགས་ཀྱི་འགྲེལ་པ《སྨྲ་སྒོ་མཚོན་ཆ》མཛད་གནང་བ་དང་། ཕྱིས་སུ་དུས་རབས་བཅུ་དགུ་པའི་སྐབས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》ཞེས་པའི་སུམ་རྟགས་ཀྱི་འགྲེལ་ཆེན་བརྩམས་པ་དང་། པྲ་ཏི་རེན་ཆེན་དོན་གྲུབ་མཆོག་གིས་བརྩམས་གནང་བའི《ཀུན་བཟང་དགོངས་རྒྱན》དེ་བཞིན་དུ་སུམ་རྟགས་ཀྱི་རྩ་བར་འཇུག་པའི་སྔོན་འགྲོའམ། རྡོ་ཟམ་ལྟ་བུར་གྱུར་པའི་འགྲེལ་པ།      དབྱངས་ཅན་གྲུབ་པའི་རྡོ་རྗེས་བརྩམས་པའི《ལེགས་བཤད་ལྗོན་པའི་དབང་པོ》《དཀའ་གནད་གསལ་བའི་མེལོང》དང་། དཀར་ལེབས་དྲུང་ཡིག་གིས་བརྩམས་གནང་བའི་《དཀར་ལེབས་སུམ་རྟགས》དེ་བཞིན།དེང་དུས་སུ་གྲགས་ཆེ་བའི་འགྲེལ་པ《ཐོན་མིའི་ཞལ་ལུང》སོགས་ཤིན་ཏུ་མང་། མདོར་ན་བོད་ཀྱི་སུམ་རྟགས་ཀྱི་རྩ་བ་གཉིས་ལ་ད་བར་མཁས་པ་རིམ་བྱོན་གྱིས་འགྲེལ་པ་མི་ཉུང་བ་ཞིག་གནང་ཡོད་ལ། བསྟན་བཅོས་དག་རྣམ་བཀྲ་ཤེས་བྱའི་གནས་ལ་ཚུལ་བཞིན་འཇུག་པའི་སྟེགས་བུ་ལྟ་བུར་གྱུར་བས། བརྡ་དག་གི་སྦྱོར་ཚུལ་ལ་ནད་ཀྱིས་བསླད་པའི་བླུན་རྨོངས་དག་གི་ནད་ངན་བཅོམས་པའི་ཐོ་བར་གྱུར་ནས་འགྱུར་བཞིན་མཆིས། འོན་ཀྱང་། མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་བས་བོད་ཀྱི་སུམ་རྟགས་གཉིས་ལ་ཤེས་རྟོགས་བྱེད་སྐབས་དོགས་གཞིའི་གནད་མང་ལ། བརྡ་སྤྲོད་ཀྱི་ཤེས་བྱར་ལས་དང་པོར་འཇུག་མཁན་གྱི་སློབ་མར་དཀའ་གནད་ཀྱི་གཞི་ཡང་མང་དུ་མཐོང་བས། ། འདིར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལས་འབྱུང་ཁུངས་གནད་དོན་འགར་བསམ་ཚུལ་འགའ་གླེང་བར་བྱ།

    གཅིག འབྱུང་ཁུངས་ཕྲད་རང་གཞན་གང་ཡིན་སྐོར།

       ཚིག་ཕྲད་ནས་ལས་དེ་རྗེས་འཇུག་ལ་ལྟོས་པའི་གཞན་དབང་ཅན་དང་དེར་མི་ལྟོས་པའི་རང་དབང་ཅན་གང་ཡིན་ཐད་སུམ་ཅུ་པའི་གཞུང་དང་སྔར་གྱི་འགྲེལ་པ་སྨྲ་སྒོ་མཚོན་ཆ་དང་ལེགས་བཤད་ལྗོན་དབང་སོགས་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་རྣམས་སུ་དངོས་ཤུགས་གང་ནས་མ་བསྟནད་ཀྱང་།   བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་གྲགས་ཆེ་བ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་བྱུང་བའི་མུ་ཏིག་ཕྲེང་མཛེས། དེའི་རྗེས་འབྲངས་པ་དངུལ་ཆུ་དྷརྨ་བྷ་དྲས་བརྩམས་པའི་སི་ཏུའི་ཞལ་ལུང་། ཉེ་རབས་སུ་བྱུང་བའི་བརྡ་སྤྲོད་པའི་བསྟན་བཅོས་མང་པོའི་ནང་འབྱུང་ཁུངས་དེ་ཕྲད་གཞན་དབང་ཅན་དུ་བཞག་པ་མ་ཟད། རྗེས་འཇུག་ལ་བལྟོས་པའི་ཚིག་ཕྲད་ལ་གྲངས་བརྒྱད་ཡོད་ཅེས་གྲངས་ངེས་ཀྱང་མཛད་ནས་སྨྲས་འདུག   འབྱུང་ཁུངས་ཕྲད་གཞན་དབང་ཅན་དུ་འཇོག་པའི་དགོས་པ་ནི་རྣམ་དབྱེ་ལྔ་པ་ནི་འབྱུང་ཁུངས་ཡིན་པའི་ཕྱིར་རམ། ཡང་ན། རྣམ་དབྱེ་བསྡུ་བའི་ཆེད་དུ་ཡིན་ཞེས་གསུངས། གང་ལྟར་ཚང་མས་སྒྲུབ་བྱེད་དེ་འཁྱེར་ནས་འབྱུང་ཁུངས་གཞན་དབང་ཅན་དུ་བཞག་པ་འདྲ་སྟེ། སློབ་འབྲིང་གི་སློབ་མ་ལ་རྒྱུ་མཚན་ཁེར་རྐྱང་དེ་བློར་འཇགས་སུ་བཏང་བ་ལས་རྒྱུ་མཚན་གཞན་མཐོང་རྒྱུ་མེད། མདོར་ན་ཕྲད་གཞན་དབང་ཅན་ལ་བརྒྱད་ཅེས་པ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་མུ་ཏིག་ཕྲེང་མཛེས། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སུམ་རྟགས་ཀྱི་འགྲེལ་པ་སོགས་སུམ་རྟགས་ཀྱི་བསྟན་བཅོས་མང་པོའི་ནང་གསལ།  འོན་ཀྱང་། དེང་དུས་ཀྱི་མཁས་པ་དམུ་དགེ་བསམ་གཏན། ཚེ་ཏན་ཞབས་དྲུང་དང་དཔའ་རིས་སངས་རྒྱས་སོགས་ཀྱིས་མཐའ་གཅིག་ཏུ་ཚིག་ཕྲད་རང་དབང་ཅན་དུ་འདོད་དོ། །

      དེར་བརྟེན་དེའི་ཐད་ལ་རང་ཉིད་ཀྱིས་དཔེ་ཆ་འགའ་བལྟས་རྗེས་ཀྱི་བསམ་ཚུལ་འགའ་བརྗོད་ན།  དེའང་།   འབྱུང་ཁུངས་ཀྱི་ཚིག་ཕྲད་ནས་ལས་གཉིས་ནི་སྤྱིར་རྗེས་འཇུག་ལ་ལྟོས་མི་དགོས་པ་དང་། ཕྲད་གཞན་དབང་ཅན་ལ་བརྒྱད་ཡོད་ཅེས་གྲངས་ངེས་མཛད་ནས་འབྱུང་ཁུངས་དེའི་ཁོངས་སུ་བཞག་དགོས་དོན་མེད་ལ། རྣམ་དབྱེ་བསྡུ་བའི་དགོས་པ་ལ་བརྟེན་ནས་གཞན་དབང་ཅན་དུ་བཞག་དགོས་དོན་ཡང་མེད། དེས་ན་ཚིག་ཕྲད་དེ་གཉིས་ནི་སྤྱིར་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཚིག་ཕྲད་རང་དབང་ཅན་དུ་བཞག་ན་ལེགས་སྙམ་སྟེ།   གཅིག་ནས་ཐོན་མིས་མཛད་པའི་སུམ་ཅུ་པའི་རྩ་བར་ནས་ལས་ཀྱི་སྒྲ་སྦྱོར་བསྟན་མེད་པ་དང་ཕྱིས་ཀྱི་འགྲེལ་བྱེད་མཁས་པ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་དང་། འགྲེལ་པ་སྨྲ་སྒོ་མཚོན་ཆ། དཀར་ལེབས་སུམ་རྟགས་སོགས་གང་ནས་ཀྱང་ནས་ལས་ཀྱི་སྒྲ་སྦྱོར་བསྟན་མེད་པ།   གཉིས་ནས།  ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་འགས་ཀྱང་ནས་ལས་ཀྱི་ཕྲད་རྗེས་འཇུག་ལ་ལྟོས་མི་དགོས་པར་ཅི་རིགས་སུ་སྦྱར་ཆོག་གསུངས་ཡོད་དེ། དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱི་ནང་དེ་དག་ཕྲད་རང་དབང་ཅན་ཡིན་གཤིས་སྦྱོར་ཚུལ་རྗེས་འཇུག་གི་ཁྱད་པར་ལ་མ་ལྟོས་པར་ཐམས་ཅད་ཀྱི་མཐར་ཅི་རིགས་པར་སྦྱར་བར་བྱ་སྟེ་ཞེས་གསུངས་འདུག  དེང་དུས་ཀྱི་མཁས་པ་སྐལ་བཟང་འགྱུར་མེད་ཀྱི《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》《实用藏文文法教程》ཞེས་པའི་ནང་།文法里不自由虚词一共有九种,自由虚词又都有一个固定名称ཞེས་གསུངས་ནས་འབྱུང་ཁུངས་དེའི་ཁོངས་སུ་མ་བཞག་པ་གང་ཞིག་ཚིག་ཕྲད་ཞིང་སོགས་虚词ཞིང་ཅིང་ཤིང་等(内分五类)ད་ལྟ་གསལ་བྱེད་现在时后附(གྱིན་ཀྱིན་གྱིན་)ཡིན་ཞེས་དེ་གཉིས་བསྣན་འདུག་ལ།《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》《实用藏文文法教程》添接不受后加字限制,属自由虚词类(ཕྲད་རང་དབང་ཅན་གྱི་ཁོངས་སུ་འདུས)ཞེས་གསུངས་འདུག་པ་དོན་དུའང་དེ་ལྟར་སྣང་།     དེར་བརྟེན།  རྣམ་དབྱེ་ཡིན་པའི་རྒྱུ་མཚན་གྱིས་གཞན་དབང་ཅན་དུ་བཞག་ན།    རྣམ་དབྱེའི་སྒྲ་ན་ལ་གཉིས་ཆོས་ཅན། རྗེས་འཇུག་ལ་ལྟོས་པའི་གཞན་དབང་ཅན་ཡིན་པར་ཐལ། རྣམ་དབྱེ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་པ་ཁས། འདོད་ན། ཚིག་ཕྲད་ན་ལ་གཉིས་ཆོས་ཅན། གཞན་དབང་ཅན་མ་ཡིན་པར་ཐལ། སྤྱིར་རྗེས་འཇུག་ལ་ལྟོས་མི་དགོས་པར་ཅི་རིགས་སུ་སྦྱར་ཆོག་པའི་ཕྱིར་དང་། ན་ལ་གཉིས་ནི་ངེས་མེད་སྦྱར་ཞེས་གསུངས་པ་ལ་དོན་དུའང་སྣང་ལ། མཁས་དབང་དམུ་དགེ་བསམ་གཏན་གྱིས། ལ་དོན་གྱི་སྐབས་ན་ལ་གཉིས་ནི་རྣམ་དབྱེ་རང་དབང་ཅན་ཡིན་གཤིས་རྟགས་མཐའ་ལ་ལྟོས་པ་མེད་པར་འཇུག་གོ་གསུངས། དེས་ན་རྣམ་དབྱེ་ཡིན་ན་གཞན་དབང་ཅན་ཡིན་པའི་ཁྱབ་པ་མེད་ལ་རྣམ་དབྱེར་བསྡུ་བའི་དགོས་པ་ལ་བརྟེན་ནས་ཚིག་ཕྲད་ནས་ལས་གཉིས་བཏང་སྙོམས་སུ་གཞན་དབང་ཅན་གྱི་ཁོངས་སུ་བཞག་པ་ནི་སློབ་མར་དོགས་གཞི་སྦྱིན་པའི་གནད་ལས་དགོས་པ་མེད་པ་ཞིག་རེད་སྙམ། དེའི་ཕྱིར། ནས་ལས་ནི་སྒྲ་སྦྱོར་ཐད་ཚིག་ཕྲད་རང་དབང་ཅན་དུ་བཞག་ཆོག

    གཉིས།འབྱུང་ཁུངས་དངོས་དང་ཆ་འདྲར་ཁྱད་པར་ཡོད་མེད་སྐོར།

    ༡དབྱེ་ཚུལ་དེ་ནམ་ཞིག་ལ་བྱུང་བ་བསྟན་པ།

      དེའང་། ང་ཚོའི་འདྲེན་བྱེད་ཀྱི་མཐོང་ཡུལ་དུ་གྱུར་པ་ལ་སུམ་ཅུ་པའི་རྩ་བའི་གཞུང་ལ་འབྱུང་ཁུངས་དངོས་དང་ཆ་འདྲ་བ་གཉིས་སུ་ཕྱེ་མེད་པ་ནི་མངོན་གསལ་ཡིན་ལ། མ་ཟད་སྨྲ་སྒོ་མཚོན་ཆའི་ནང་། ལས་ནི་རྒྱུ་དང་འབྱུང་ཁུངས་དང་ཞེས་རྒྱུ་དང་འབྱུང་ཁུངས་ཞེས་པའི་ཐ་སྙད་ཅིག་ལས་འབྱུང་ཁུངས་དངོས་དང་ཆ་འདྲ་བའི་ཐ་སྙད་ཅིག་བྱུང་མི་འདུག  སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ས་པཎ་མཆོག་གིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པའི་ནང་འབྱུང་ཁུངས་དངོས་ཞེས་རྒྱ་མཚོ་ལས་ནོར་བུ་དང་། རྟ་ལས་བབས་སོགས་ལོགས་སུ་བསྟནད་གནང་ཡོད་ལ།  ཡང་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་བརྡ་སྤྲོད་པའི་བསྟན་བཅོས་མུ་ཏིག་ཕྲེང་མཛེས་ནང་ས་བོན་ལས་མྱུ་གུ་ལྟ་བུའང་འབྱུང་ཁུངས་དངོས་མིན་པའི་སྒྲུབ་བྱེད་མང་པོ་བཀོད་འདུག      དེར་བརྟེན་འབྱུང་ཁུངས་ལ་དངོས་དང་ཆ་འདྲ་བའི་ཕྱེ་སྲོལ་ནི་མ་མཐར་ཡང་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་བྱུང་ཚར་འདུག

    ༢འབྱུང་ཁུངས་དངོས་དང་ཆ་འདྲ་བར་དབྱེ་ཚུལ་མི་འདྲ་བ་ཡོད་པ།

     རྗེ་སི་ཏུ་མཆོག་གིས་མུ་ཏིག་ཕྲེང་མཛེས་སུ་འབྱུང་ཁུངས་ནི་འབྱུང་ཁུངས་དངོས་ཡིན་པ་གང་ཞིག འབྱུང་བྱ་ནོར་བུ་འབྱུང་ཁུངས་རྒྱ་མཚོ་ནས་བླངས་པའམ་ལེན་ཚར་རུང་། རྒྱ་མཚོ་དང་ནོར་བུ་གཉིས་ཐ་དད་དུ་བསྟན་རྒྱུ་ཡོད་དགོས་པ་ཞིག་ལ་འབྱུང་ཁུངས་དངོས་སུ་ངོས་འཛིན་བྱས་ནས་ས་བོན་ལས་མྱུ་གུ་ལྟ་བུ་འབྱུང་ཁུངས་དངོས་ལ་མ་བཞག་པར་ལོགས་སུ་བསྟན་ནས་འབྱུང་ཁུངས་ཆ་འདྲ་བར་བཞག  མཁས་པ་འགས་འབྱུང་ཁུངས་དངོས་ནི་འབྱུང་བྱ་ནོར་བུ་དང་འབྱུང་ཁུངས་རྒྱ་མཚོ་གཉིས་སོ་སོར་ཐ་དད་དུ་བསྟན་རྒྱུ་ཡོད་པ་ཞིག་དགོས་མི་གསུངས་པར་འབྱུང་ཁུངས་ནི་ངེས་པར་དུ་འབྱུང་ཁུངས་དངོས་ཡིན་པ་ཞིག་དགོས་གསུངས་ནས་ས་བོན་ལས་མྱུ་གུ་ལྟ་བུ་འབྱུང་ཁུངས་དངོས་སུ་བཞག    ཐོན་མིའི་ཞལ་ལུང་དུ། འབྱུང་ཁུངས་དངོས་དང་།ཕྱོགས་འདྲའི་ཁྱད་པར་ནི་བཟའ་ཤིང་ལས་ཤིང་ཏོག་བླངས་པ་ལྟ་བུ་ནི་འབྱུང་ཁུངས་བཟའ་ཤིང་དང་། ཤིང་ཏོག་དེ་ལོགས་སུ་ལེན་རྒྱུ་ཡོད་པ་དེ་འདྲ་ནི་འབྱུང་ཁུངས་དངོས་དང་། འོ་མ་ལས་ཞོ་ལྟ་བུ་ནི་འོ་མ་དེ་ཞོའི་ངོ་བོར་གྱུར་ཟིན་པ་ན། འོ་མ་འདིའོ་ཞེས་སྟོན་རྒྱུ་མེད་པ་དེ་འདྲ་ནི་འབྱུང་ཁུངས་ཕྱོགས་འདྲ་ཡིན་ཞེས་བརྗོད་ཡོད། འབྲུ་འགྲེལ་འཕྲུལ་ལྡེའི་གསལ་འགྲེལ་ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་དུ། རྒྱ་མཚོ་ལས་ནོར་བུ་ལྟ་བུ་འབྱུང་བྱ་ནོར་བུ་དེ་རྒྱ་མཚོ་ལས་དངོས་སུ་བྱུང་བ་གང་ཞིག   ནོར་བུ་ཚུར་ལེན་ཀྱང་རྒྱ་མཚོ་ལས་ནོར་བུ་སོ་སོར་ཐ་དད་དུ་བསྟན་རྒྱུ་ཡོད་པས། དཔེར་བརྗོད་དེའི་རིགས་དངོས་ལ་བཞག་པ་དང་། ས་བོན་ལས་མྱུ་གུ་ལྟ་བུ་ཆ་འདྲ་བར་བཞག་པ། དགར་སྡུད་སོགས་ཆ་འདྲ་བའི་ཆ་འདྲ་བར་བཞག་ནས། སླར་ཡང་མིང་གསར་ཞིག་བཏགས་འདུག      མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་སུ། འབྱུང་ཁུངས་ཞེས་གང་ཞིག་གང་ལས་བྱུང་བའམ་གང་ཞིག་གང་ལས་བྲལ་བ། གང་ཞིག་གང་ལས་ལྷུང་བ། གང་ཞིག་གང་ལས་བབས་པ་སོགས་བསྟན་ན་འབྱུང་ཁུངས་ཀྱི་དོན་ཡིན་ཞེས་གསུངས་པ་ལས་གོང་ལྟར་ཞིབ་ཏུ་དབྱེ་བ་ཕྱེ་མེད་དོ། །

    དེའི་ཕྱིར། འབྱུང་ཁུངས་ལ་དབྱེ་བ་དུ་མ་ཕྱེ་བ་ནི་དགོས་གལ་དེ་ཙམ་མེད་ལ་དབྱེ་ཚེ་རྙོག་འཛིང་ཆེ་བར་མཐོང་། སུམ་ཅུ་པའི་རྩ་བར། འབྱུང་ཁུངས་ལ་འབྱུང་ཁུངས་དངོས་དང་འབྱུང་ཁུངས་ཆ་འདྲ་བ་གཉིས་སུ་ཞིབ་ཏུ་ཕྱེ་མེད་པ་འདྲ། དེ་ནི་ཕྱིས་སུ་བྱུང་བ་ཀུན་གྱིས་མཐོང་ཐུབ། འབྱུང་ཁུངས་ལ་འབྱུང་ཁུངས་དངོས་དང་ཆ་འདྲ་བ་གཉིས་སུ་ཕྱེ་བའི་རྒྱུ་མཚན་ནི་སི་ཏུ་པཎ་ཆེན་གྱིས་གཙོས་པའི་མཁས་པ་མང་པོས། བརྡ་སྤྲོད་གཞུང་རྣམས་སུ་འབྱུང་ཁུངས་ཀྱི་དོན་འཆད་པ་ན་གང་ལས་བྲལ་བའམ། ལེན་པའམ་ཞེས་དང་ཨ་པཱ་ད་ད་ནི་ངེས་པར་སྦྱིན་པ་ཞེས་བསྒྱུར་ཀྱང་ཨ་པཱ་འབྲལ་བ་ཨཱ་ད་ན་ཚུར་ལེན་པ་ཡིན་པས་འབྲལ་བར་ལེན་པ་ཞེས་སོགས་རྒྱས་པར་འབྱུང་ལ་སོགས་ལུང་དུ་དྲངས་ནས་འབྱུང་ཁུངས་དངོས་ཀྱི་དཔེར་བརྗོད་རྒྱ་མཚོ་ནས་ནོར་བུ་ལྟ་བུ་བཞག་ནས། འབྱུང་བྱ་དེ་འབྱུང་གཞི་ལས་དངོས་སུ་བྱུང་དགོས་པ་གང་ཞིག   འབྱུང་བྱ་ནོར་བུ་ལེན་པའི་རྗེས་ལ་རྒྱ་མཚོ་དང་ནོར་བུ་ད་དུང་ཐ་དད་དུ་བསྟན་རྒྱུ་ཡོད་པས་དཔེར་བརྗོད་དེའི་རིགས་ལ་འབྱུང་ཁུངས་དངོས་ཞེས་བཏགས་ནས་དཔེར་བརྗོད་གཞན་ས་བོན་ལས་མྱུ་གུ། རྟ་ལས་བབས་སོགས་འབྱུང་ཁུངས་དངོས་ལས་ལོགས་སུ་བཀར་ནས་འབྱུང་ཁུངས་ཆ་འདྲ་བར་བཞག་ཡོད། མ་གཞི་འབྱུང་ཁུངས་ལ་དེ་འདྲའི་དབྱེ་བ་ཕྱེ་བ་ནི་ཐོན་མིའི་རྩ་བ་སོགས་སུ་མེད་ཀྱང་ཕྱིས་ཀྱི་མཁས་པས་ཞིབ་ཕྲའི་སྟེང་འབྱུང་ཁུངས་ལ་སླར་ངོས་འཛིན་བྱས་པ་ཞིག་ཡིན་སྙམ། འོན་ཀྱང་། དེ་ལྟར་ཕྱེ་ན་འབྱུང་ཁུངས་ཆ་འདྲ་བ་འབྱུང་ཁུངས་ཡིན་ནམ་མིན། མིན་ན། ས་བོན་ལས་མྱུ་གུ་ལྟ་བུ་འབྱུང་ཁུངས་མིན་པར་ཐལ་བ་དང་། ཡིན་ན། འབྱུང་ཁུངས་ལ་དབྱེ་བ་གཉིས་སུ་ཕྱེ་བར་དགོས་པ་ཨེ་ཡོད། གལ་ཏེ་འབྱུང་ཁུངས་དེ་ཚད་གཞི་དེ་ལྟ་བུར་བཞག་ན་དོན་ལ་འབྱུང་ཁུངས་ཀྱི་དོན་སྟོན་བཞིན་དུ་འབྱུང་ཁུངས་སུ་བསྡུ་མི་ཐུབ་པ། དཔེར་ན། ས་བོན་ལས་མྱུ་གུ་ལྟ་བུའི་དཔེར་བརྗོད་རྣམས་རེ་རེ་ནས་ཆོས་ཅན། འབྱུང་ཁུངས་དངོས་མ་ཡིན་པར་ཐལ། མཚན་ཉིད་དེ་མ་ཚང་བའི་ཕྱིར། ཁྱབ་པ་སླ། རྟགས་ཁས། འདོད་ན། དེ་ཆོས་ཅན། འབྱུང་ཁུངས་དངོས་ཡིན་ཏེ། མྱུ་གུའི་ཁུངས་ས་བོན་ཡིན་པ་གང་ཞིག  ཚིག་ཕྲད་ལས་དེས་ཀྱང་འབྱུང་བྱ་མྱུ་གུ་དང་འབྱུང་ཁུངས་ས་བོན་གཉིས་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་བའི་ཕྱིར། དེར་བརྟེན་དཔེར་བརྗོད་དེའི་རིགས་འབྱུང་ཁུངས་ཡིན་པ་སྨོས་མེད་རེད། འབྱུང་གཞི་དང་འབྱུང་ཆོས་ཀྱི་འབྲེལ་བར་དམིགས་ནས་དེ་ལྟར་ཕྱེ་སྲོལ་བྱུང་བ་ནི་མངོན་གསལ་རེད། འོན་ཀྱང་། རྟ་ལས་བབས། གནམ་ནས་ལྷུང་། ལྟ་བུ། འབྱུང་ཁུངས་ཆ་འདྲ་བར་བཞག་དགོས་དོན་མེད་དེ། སྐབས་སུ་བབས་པའི་ཚིག་ཕྲད་ལས་དེས་བབས་ཁུངས་རྟ་ཡིན་པའི་དོན་གོ་རྒྱུ་ཡོད། རྟ་ལས་བབས་ཞེས་བརྗོད་ཚེ། མི་གང་ཞིག་བབས་ཞེས་བབས་པའི་ཁུངས་རྟ་ཡིན་པའི་རྣམ་པ་འཆར་ལ། རྟ་ལས་བབས་མཁན་གྱི་གང་ཟག་དེའི་འབྱུང་ཁུངས་དངོས་ནི་དྲིན་གྱིས་སྐྱོང་བའི་སྐྱེས་མ་ཉིད་ཡིན་ཀྱང་། རྣམ་དབྱེ་སྦྱར་ཡུལ་ཡང་མ་དེ་མ་ཡིན་པས་སླར་གང་ཟག་དེའི་འབྱུང་ཁུངས་རྟ་ཡིན་མིན་སོགས་ལ་དོགས་པ་བྱ་དགོས་དོན་ཨེ་ཡོད། ཚིག་ཕྲད་དེའི་སྐབས་འདིའི་བྱེད་ནུས་གང་ཡིན་པ་དང་ཚིག་ཕྲད་དེས་དོན་གང་ཞིག་གོ་རྒྱུ་ཡོད་པ་གཙོ་བོར་འཛིན་པ་ལས་སླར་ཚིག་ཕྲད་དེ་ལས་འདས་ཏེ། འབྱུང་ཁུངས་དངོས་ཡིན་མིན་ནི་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། ཡང་དག་པའི་གསལ་བཤད་ཅིག་ལས། དབྱེ་བ་ཕྱེ་བའི་དགོས་པ་མེད་སྙམ། ཆ་འདྲ་བའི་ཐ་སྙད་ཞིག་ངེས་པར་དགོས་ན། རྩ་བར། དགར་དང་སྡུད་པའང་དེ་བཞིན་ནོ།། ཞེས་གསུངས་པ་དང་། སི་ཏུ་པན་ཆེན་མཆོག་གིས་ཀྱང་། ཚིག་སྦྱོར་ཙམ་གྱི་ཆ་མཐུན་དུ་འདྲ་རུང་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེར་བརྟེན་དགར་སྡུད་རྣམ་དབྱེ་ལྔ་པའི་ཡན་ལག་ཏུ་བཞག་པས། དེའི་རིགས་ལ་ཆ་འདྲ་བ་ཞེས་བཏགས་རུང་འགལ་བ་མེད་སྙམ།

    གསུམ། ནས་ལས་དགར་བར་ཇི་ལྟར་འཇུག་ཚུལ་སྐོར།        

    སུམ་ཅུ་པའི་རྩ་བར། དགར་དང་སྡུད་པའང་དེ་བཞིན་ནོ།། སྨྲ་སྒོར་ལས་ནི་རྒྱུ་དང་འབྱུང་ཁུངས་དང་། ། དགར་བ་དང་ནི་ནས་དེ་བཞིན། །  ཞེས་གསུངས། པྲ་ཏི་དང་སི་ཏུ་སོགས་ཀྱིས་ཀྱང་རིགས་མཐུན་དགར་བ་ལ་ནས་ལས་ཅི་རིགས་སུ་སྦྱར་ཡོད་ཀྱང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་རིགས་མཐུན་དགར་ནས་མི་མཐུན་ལས། ། ཞེས་མན་ངག་གམ་སྡོམ་ཚིག་གཅིག་བཟོས་པས་ཁོང་གི་འདོད་ཚུལ་གང་ཡིན་རུང་བརྡ་སྤྲོད་ལ་ལས་དང་པོར་འཇུག་མཁན་གྱི་སློབ་བུ་རྣམས་ལ་སླར་ནས་ལས་ཀྱི་དོན་སྦྱོར་ཐད་ལོག་རྟོག་གི་གནད་མང་པོ་བྱུང་ལ།  རྒྱུ་མཚན་ནི། རིགས་མཐུན་དགར་བར་ནས་ཁོ་ནས་འཇུག་པ་མ་ཡིན་ཏེ། གྲངས་ཉུང་མི་རིགས་ལས་བོད་རིགས་མཐོ་སྒང་དུ་གནས་ལྟ་བུ། དེའི་དབང་གིས་དམའ་འབྲིང་སློབ་མར་དེའི་རིགས་སློབ་ཁྲིད་བྱེད་སྐབས་དཔེར་བརྗོད་དང་སྦྲགས་ནས་གསལ་བཤད་བྱ་རྒྱུ་ནི་གལ་ཆེ་ལ་རིགས་མཐུན་དགར་བའི་སྐབས། ནས་ཡིག་ལས་ལས་ཡིག་མི་འཇུག་ཅེས་ཁ་ཚོན་གཅོད་མི་རིགས་པ་དང་རྩ་བར་ཡང་དགར་དང་སྡུད་པའང་དེ་བཞིན་ཡིན་ཞེས་པའི་དངོས་བསྟན་གྱི་དགོངས་པ་བཞིན། ནས་ཡིག་ཙམ་དུ་མ་ཟད་ལས་ཡིག་གིས་ཀྱང་རིགས་མཐུན་དགར་བའི་དོན་བསྟན་པར་འཇུག་པ་ཡིན་ཞེས་བརྗོད་ཚེ་ལུང་རིགས་དང་མི་འགལ་བ་དོན་དངོས་དང་ཡོངས་སུ་མཐུན།                                                                                     

    བཞི།ནས་སྒྲ་བྱེད་པོའི་ཚུལ་དུ་འཇུག་མིན་སྐོར།
      ནས་ཀྱི་སྒྲ་བྱེད་པ་པོའི་ཚུལ་དུ་བྲིས་པའི་རིགས།  བརྡ་སྤྲོད་ཀྱི་ཁྲིད་རྒྱུན་རབ་གསལ་མེ་ལོང་དུ་། གཏམ་པད་མའི་ཚལ་གྱི་ཟློས་གར་དང་། མདོ་མཛངས་བླུན། རྡོ་རིང་པཎྜི་ཏའི་རྣམ་ཐར་སོགས་ནང་དེ་འདྲའི་རིགས་མང་པོ་ཡོད་པ་དྲངས་འདུག་ལ།  དཔྱད་རྩོམ་དང་རྩོམ་ཡིག་མང་པོའི་ནང་མང་པོ་མངོན་པ་ནི་ཀུན་གྱི་ཤེས་ཆོས་སུ་གྱུར་ཡོད།  འོན་ཀྱང། བཀྲ་ཤིས་ནས་བཤད་ལྟ་བུ། གོམས་གཤིས་ཀྱི་དབང་གིས་གོ་ཐུབ་ཀྱང་སུམ་རྟགས་ཀྱི་གཞུང་དང་མཐུན་ཞེས་སུ་ཞིག་གིས་བརྗོད་ནུས། རྩ་བ་ན་དེ་འདྲ་གང་ཡང་གསུངས་མེད། ལྷག་པར་དུ། བཀྲ་ཤིས་ནས་བཤད་ལྟ་བུ། འབྱུང་ཁུངས་དང་བྱེད་སྒྲ་གང་གི་ཁོངས་སུ་བསྡུ། དུས་གསུམ་གྱི་བྱ་ཚིག་ཐམས་ཅད་དེའི་མཇུག་ཏུ་བྲིས་ན་འགྲིག་གམ། མ་ཟད། དེང་དུས་སུ་གཉེན་སྟོན་དང་དགའ་སྐྱེལ་སོགས་སུ་རྟེན་འབྲེལ་མཚོན་བྱེད་དུ་ཤོག་ཆག་རྒྱག་སྐབས་ཤོག་ཆག་གི་སྟེང་དུ〖བཀྲ་ཤིས་ནས〗ཞེས་འབྲི།  ཀྱིས་མ་བྲིས་པར་ནས་བྲིས་ན་དངུལ་གྱི་འབྱོར་སའམ་ཡང་ན་དངུལ་ལེན་མཁན་བཀྲ་ཤིས་ཡིན་བརྗོད་པ་ཡིན་ནམ། དེ་མིན་དངུལ་སྟོན་མཁན་ནམ་སྤྲོད་མཁན་བཀྲ་ཤིས་ཡིན་ཞེས་བརྗོད་པ་ཡིན།  མདོར་ན།  བཀྲ་ཤིས་ནས་ཞེས་བྲིས་ན་དོན་ཐེ་ཚོམ་ཅན་དུ་གྱུར་ནས་བརྗོད་པ་སྐྱོན་ཅན་དུ་གྱུར་པར་མཐོང་། 〖བཀྲ་ཤིས་ཀྱིས〗ཞེས་བྲིས་ན་དེ་མ་ཐག་ཏུ་ཤོག་ཆག་རྒྱག་མཁན་བཀྲ་ཤིས་ཡིན་པར་གོ་བའི་དགེ་མཚན་ལྡན། དེའི་རིགས་ནམ་ཞིག་རྩ་རྒྱ་མེ་ཤོར་གྱི་དཔེ་ལྟར་སྣང་མེད་དུ་ཤོར་ན་རླུང་ནས་འཁྱེར། སེར་བ་ནས་བཅོམ་སོགས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་ཡ་མ་གཟུགས་ཀྱི་དཔེར་བརྗོད་ཀྱིས་ཁེངས་པས་དེ་ལྟ་བུའི་རིགས་ལ་ཆེས་གཟབ་ན་ལེགས་སྙམ།  བྱེད་པ་པོའི་མཇུག་ཏུ་ནས་བྲིས་པ་ནི་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད་པས།  ། དེའི་རིགས་མ་བྲིས་ན་ལེགས་སྙམ། གལ་ཏེ་ཐམས་ཅད་གོམས་སྲོལ་གྱི་གོ་བ་རྒྱུ་མཚན་དུ་བྱས་ནས། བཏང་སྙོམས་སུ་བཞག་ན་ཐོན་མིའི་རྩ་བ་དང་ཕྱིས་ཀྱི་སུམ་རྟགས་ཀྱི་དགོངས་འགྲེལ་དང་འགལ་ཏེ། དེ་ལྟར་བརྗོད་དོན་སྔར་བཞིན་སྟོན་ཐུབ་ཀྱང་། གོམས་སྲོལ་གྱི་གོ་བ་དང་བརྡ་སྤྲོད་ཀྱི་གོ་བ་གཉིས་ལ་ངོ་བོའི་སྟེང་ནས་ཁྱད་པར་ཡོད་ལ་དེ་ལྟར་བཏང་སྙོམས་སུ་བཞག་ཚེ་དུས་ནམ་ཞིག་བརྡ་སྤྲོད་ཀྱི་གཞུང་རྣམས་ཀྱང་དགོས་མེད་ཙམ་ལས་ཕན་པ་ཨེ་ཡོད། མ་དག་རྒྱུན་འབྱམས་ཀྱི་གནད་མང་པོ་ཐོན་སྲིད་པས་མ་འོངས་སྔོན་འགོགས་བྱ་ན་ལེགས། དེའང་སུམ་རྟགས་ཀྱི་དཀའ་འགྲེལ་བློ་ལྡན་དགྱེས་པའི་རོལ་མཚོ་ལས། ཁྱི་ཡི་ཡས་འགལ་དང་ཕག་གི་མ་འགལ་སྦྱར་བའི་ཁྱི་མིན་ཕག་མིན་གྱི་དཔེ་ཉག་གཅིག་ཏུ་ཐལ་ཏེ། དེ་ཉིད་འབྱུང་ཁུངས་ཀྱི་དོན་མིན་ལ་བྱེད་པ་པོའི་དོན་ཡང་མ་ཡིན་པའི་ཕྱིར་རོ། ། དེས་ན་ལོག་སྦྱོར་དེ་དག་ནི་སྒྲ་རིག་པའི་སྲོག་དབང་འཕྲོག་བྱེད་དུ་ཉེ་བས་གངས་ཅན་པ་ལ་ཤ་ཉེན་ཡོད་པའི་བློ་ལྡན་དག་གིས་ནི། དེ་ལྟའི་གཡམ་མི་རྒྱུག་པར་ཤན་ལེགས་པར་ཕྱེས་ཏེ་སྨྲ་བ་ནི་ཅིས་ཀྱང་གལ་ཆེའོ། ། ཞེས་གསུངས་པའི་ཕྱིར་རོ། ། དེར་བརྟེན་དེའི་རིགས་མ་སྤྱད་ན་ལེགས་པས་བྱེད་པ་པོའི་མཇུག་ཏུ་རང་འོས་ཀྱི་བྱེད་སྒྲའི་ཕྲད་སྦྱར་ན་འོས་སྙམ།

    རྩོམ་སྒྲིག་འགན་ཁུར་བ། ཕུར་བུ་སྲིད་ཐར།
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图