您当前的位置:首页 > 教师资源 > 教师研究 > 教师论文
བསྡུས་གྲྭའི་སྐོར་ལ་འཕྲད་པའི་དོགས་གནད་དང་དཀའ་གནད་དྲི་གཞིའི་སྐོར་གྱི་དཔྱད་ལན་ལོག་རྟོག་འཇོམས་པའི་རལ་གྲི
信息编号:137 发布者:ADMIN 发布时间:2019-06-09 09:20:49 关注:

    བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་གཞོན།ཞིབ་འཇུག་སློབ་མའི་སློབ་དཔོན། ཚད་མ་རིག་པའི་དགེ་བའི་བཤེས་གཉེན་ཉི་མ་མཆོག་ནས། ལྷ་ས་གྲོང་ཁྱེར་རྒྱུན་མཐུད་སློབ་གསོའི་སློབ་གྲྭའི་ནང་དུ།ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་སློབ་གྲྭ་དྲུག་དང་།ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་། ལྷ་སའི་ནག་ཆུའི་མཐོ་འབྲིང་གཉིས་པ།ལྷ་ས་སློབ་འབྲིང་བཅས་ལྷ་ས་གྲོང་ཁྱེར་ཁུལ་གྱི་མཐོ་འབྲིང་བོད་ཡིག་དགེ་རྒན་ལས་ཐོས་པ་གསོག་པར་སྤྲོ་ཞིང་།ཤེས་པ་རྒྱ་སྐྱེད་ལ་མཉེས་པའི་བོད་ཡིག་དགེ་རྒན་རྣམས་དང་།དེ་བཞིན་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་བཅས་ལ་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ནང་དུ་འཆར་བཀོད་བྱས་ཡོད་པའི་རང་ལུགས་ཚད་མའི་ཤེས་བྱའི་སྐོར་གྱི་ནང་དོན་སློབ་ཁྲིད་བྱེད་སྐབས་འཕྲད་པའི་འགྲེལ་པ་བྱེད་དཀའ་བ་དང་།སློབ་ཕྲུག་གིས་རྒྱུས་མངའ་བྱེད་དཀའ་བ།དོགས་གནད་རང་བཞིན་གྱི་ཤེས་བྱའི་གནད་འགག་ལ་ལྷ་ས་ཁུལ་གྱི་མཐོ་འབྲིང་བོད་ཡིག་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ནས་བཏོན་པའི་དྲི་བ་ཁག་ལ་དྲི་བའི་རིམ་པ་བཞིན།གསོ་སྦྱོང་ཐེངས་བཞི་ཙམ་གྱི་རིང་ལ་དཀའ་གནད་དོགས་སེལ་དང་།ལྟ་ཚུལ་བརྗེ་རེས་ཀྱིས་སྐབས་དོན་མཐོ་འབྲིང་བོད་སྐད་ཡིག་གི་རྨང་གཞིའི་སློབ་གསོར་ཕན་ནུས་ཐོན་ཕྱིར།གནད་དོན་ཁག་གཅིག་ལ་གསོ་སྦྱོང་ལ་ཞུགས་མཁན་དགེ་རྒན་ཚོ་དང་ལྷན་དུ་ཕན་ཚུན་དྲི་བ་དྲིས་པའི་ཚུལ་དང་།ཕན་ཚུན་རིག་པས་བརྡར་གཅོད་ཀྱི་ཚུལ་གྱིས་རྙོག་འཛིང་དོགས་སེལ། རིག་པ་རྒྱ་བསྐྱེད།རང་ལུགས་བརྟེན་ཁུངས། ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་ཀྱིས་སློབ་ཁྲིད་དངོས་ཀྱི་ནང་རྒན་ཉི་མ་མཆོག་ནས།གནད་ལ་འཁེལ་བའི་དཔེ་གཞི། ཁུངས་བཙུན་པའི་ལུང་རིག་སྒྲུབ་བྱེད་ཀྱིས་དོན་གནད་ཁག་གོ་རིམ་དང་ལྡན་པར་གསལ་འགྲེལ་ལེགས་པར་གནང་བ་མ་ཟད།གསོ་སྦྱོང་ལ་ཞུགས་མཁན་དགེ་རྒན་ཡོངས་ནས་ཀྱང་རང་ཉིད་ཀྱི་སློབ་ཁྲིད་དངོས་དང་།མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི།མཐོ་འབྲིང་སློབ་མར་ཚན་རིག་དང་མཐུན་ཞིང་གཏིང་ཟབ་ལ་རྒྱ་ཆེ་བའི་ཚད་མའི་རང་ལུགས་ཤེས་བྱ་ཁག་སྟབས་བདེ་པོས་རྒྱུས་མངའ་ཤེས་རྟོགས་དང་།དེར་སྦྱངས་པ་བྱས་ཏེ་ཤེས་བྱའི་གནས་ལུགས་རྒྱུད་ལ་འབྱམས་པར་བྱས་ཏེ།བློའི་རིག་པ་འཕེལ་བ།རིག་པས་བརྡར་གཅོད་ཀྱིས་རང་ནུས་ལེགས་པར་གསོ་བ་དང་དབྱེ་ཞིབ་བྱེད་ནུས་པ་དང་བྱེད་ཐུབ་པའི་ནུས་པ་བསྔོག་འདོན་བྱེད་པར་ཐུགས་དགོངས་ཟབ་མོའི་ཀུན་སློང་གཏིང་ཟབ་ཀྱིས་གསོ་སྦྱོང་ལ་ནན་གྱིས་ཞུགས་པས་ཀྱང་།མཐོ་འབྲིང་བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་དངོས་དང་འབྲེལ་བའི་གསོ་སྦྱོང་བྱེད་སྒོ་འདིའི་རིན་ཐང་ཡང་མངོན་པར་གསལ་བ་ཞིག་ཐོན་པས་ལྷག་པར་དགེའོ།།
    ༄༅། །མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ནང་དོན་ལས་བསྡུས་གྲྭའི་སྐོར་ལ་འཕྲད་པའི་དོགས་གནད་དང་དཀའ་གནད་དྲི་གཞིའི་སྐོར་གྱི་དཔྱད་ལན་ལོག་རྟོག་འཇོམས་པའི་རལ་གྲི།

    ༡གཟུགས་ཀྱི་མཚན་ཉིད་ལ་གཟུགས་སུ་རུང་བ་ཟེར་དོན་ནི་འབྱུང་བ་དང་འབྱུང་འགྱུར་གྱི་དངོས་པོ་ནང་ཕན་ཚུན་གཅིག་གིས་གཅིག་ལ་རེག་ཅིང་གཟུགས་ནས་གནོད་བྱར་རུང་བ་ཞེས་པ་དེར་འགྲེལ་བཤད་ཁ་གསལ་ཞིག་གནང་རོགས།
    དཔྱད་ལན། གནོད་བྱར་རུང་བ་ཞེས་བརྗོད་མོད།དོན་ལ་ཕན་གདག་བྱ་འདོགས་བྱེད་དུའང་རུང་། རྒྱུ་མཚན་ནི།འབྱུང་བ་དང་འབྱུང་འགྱུར་གྱི་དངོས་པོ་ནང་ཕན་ཚུན་ཕྲད་པ་ལས་དངོས་པོ་ཕྱི་མ་སྐྱེ་བའི་ཕྱིེར་རོ།།

    ༢ ཡན་ལག་གི་ཁ་དོག་བཤད་སྐབས་དེར་གྱུར་པའི་ཡན་ལག་གི་ཁ་དོག་ཟེར་དོན་ལ་འགྲེལ་བཤད་གནང་རོགས།
    དཔྱད་ལན། སྤྲིན་དང་དུ་བ།རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ།གྲིབ་མ་དང་ཉི་མའི་འོད་ཟེར་བཅས་གྲངས་བརྒྱད་ཙམ་དུ་བཞག་པ་རྣམས་ལ་ཟེར་བ་ཡིན་གྱི།ཡན་ལག་གི་ཁ་དོག་ལ་གྲངས་ངེས་པ་ཞིག་མ་ཡིན་ལ། གྲངས་བརྒྱད་ཙམ་དུ་བཞག་ཡོད་པ་དེ་ལྟ་བུར་ངེས་པར་དུ“དེར་གྱུར་པ”ཞེས་སྦྱར་དགོས་ཏེ།དེ་ལྟར་དུ་མ་བརྗོད་ཚེ་དེ་དག་ཡན་ལག་གི་ཁ་དོག་ཏུ་འགྲོ་སྐྱོན་ཡོད་པས།དེ་དག་ཡན་ལག་གི་ཁ་དོག་ཏུ་མི་འགྲོ་ལ་དེ་བས་ཁ་དོག་ཏུ་མི་ངེས་པའི་ཕྱིར་ན།དེར་གྱུར་པའི་སྤྲིན་གྱི་ཁ་དོག དེར་གྱུར་པའི་དུ་བའི་ཁ་དོག དེར་གྱུར་པའི་རྡུལ་གྱི་ཁ་དོག་ལྟར་དུ་རིམ་གྱིས་རྟོགས་དགོས་པ་ཡང་།དེ་དག་ནི་ཡན་ལག་གི་ཁ་དོག་ཏུ་གྱུར་པ་ཙམ་ཞིག་ལས་ཡན་ལག་གི་ཁ་དོག་དངོས་མིན་པ་རྟོགས་དགོས་པ་ཡང་རྩ་བའི་ཁ་དོག་གི་མཚན་ཉིད་ལས་རྟོགས་དགོས་པའོ།།

    ༣ བློ་རིག་སྐབས་ཀྱི་རྟོག་པ་དང་སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བའི་སྐབས་ཀྱི་དོན་སྤྱི་ལ་ཁྱད་པར་གང་ཡོད།
    དཔྱད་ལན།དེ་གཉིས་ནི་ཡུལ་དང་ཡུལ་ཅན་དབར་གྱི་འབྲེལ་བ་སྟེ།རྟོག་པའི་སྣང་ཡུལ་ལ་དོན་སྤྱི་འཇོག་དགོས་པས་སོ། །

    ༤ ནམ་མཁའ་དོན་བྱེད་ནུས་པར་མི་འཇོག་པའི་རྒྱུ་མཚན་གང་ཡིན།ནམ་མཁས་དོན་བྱེད་མི་ནུས་སམ།
    དཔྱད་ལན། ཚད་མའི་གཞུང་གི་དགོངས་པ་བཞིན།ནམ་མཁས་དོན་བྱེད་མི་ནུས་ཏེ།ནམ་མཁའི་མཚན་ཉིད་ཀྱང་ཐོག་རེག་གི་བཀག་ཙམ་གྱིས་མི་དགག་པ་དེ་ཡིན་ན།དེ་རྟག་པར་འདོད་དགོས་ཤིང་། (དོན་བྱེད་ནུས་མི་ནུས་ནི་རྒྱུ་དང་རྐྱེན་ལས་སྐྱེས་མ་སྐྱེས་སམ་རྒྱུ་རྐྱེན་གྱིས་གྲུབ་མ་གྲུབ་ལས་རྟོགས་དགོས་པར་བལྟ་དགོས་ཀྱང་།གསོ་རིག་གཞུང་དུ་ནམ་མཁས་དོན་བྱེད་པ་ལྟར་སྣང་བ་ཡང་།འབྱུང་བ་ལྔར་བྱས་པའི་ཚུལ་གྱིས་ཡིན་ན།ཚད་མའི་གཞུང་དུ་འབྱུང་བ་བཞི་རང་དུ་འདོད་པ་དེ་ལྟར་གྱིས།ནམ་མཁའ་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་དོན་བྱེད་མི་ནུས)

    ༥སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དེ་རྟོག་པའི་མཚན་ཉིད་ཡིན་ཅིང་།སྒྲ་དོན་ནི་སྒྲ་སྤྱི་དང་དོན་སྤྱི་ལ་ཟེར་བར་ངེད་ཚོའི་སློབ་དེབ་ནང་གསུངས་ཀྱང་།མཁས་གྲུབ་ཆོས་ཀྱི་ཉི་མས་སྒྲ་དོན་ནི་རྟོག་པའི་སྣང་ཡུལ་ལ་སྒྲ་དོན་དུ་བཞེད་པས་རང་ལུགས་བྱས་ན་གང་ཞིག་འཛིན་ན་ལེགས་སམ། 
    དཔྱད་ལན།འདིར་སྒྲ་སྤྱི་དང་དོན་སྤྱི་ལ་གོ་ན་ལེགས་ཏེ།རྗེ་དགེ་འདུན་གྲུབ་པས་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད་དུ་བཞེད་ཅིང་།རྟོག་པ་ལ་སྒྲ་སྤྱི་རྐྱང་པ་འཛིན་པའི་རྟོག་པ་དང་། དོན་སྤྱི་རྐྱང་པ་འཛིན་པའི་རྟོག་པ།སྒྲ་དོན་གཉིས་ཀ་འཛིན་པའི་རྟོག་པ་བཅས་གསུམ་དུ་ཕྱེ་བ་ལྟར་འདོད་ན་ལེགས་སོ། །

    ༦དེང་སང་མཐོ་འབྲིང་སློབ་གྲྭ་ཁག་ཏུ་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཚུལ་གསུམ་སློབ་ཁྲིད་བྱ་སྐབས། ཚུལ་གསུམ་གྱི་མཚན་ཉིད་སློབ་མར་ངག་སྐྱོར་གཏོང་དུ་བཅུག་པ་ལས་ཚུལ་གསུམ་རྩིས་སྟངས་དང་།ཚུལ་གསུམ་ལ་འགྲེལ་པ་མི་རྒྱག་པའི་ཡོངས་ཁྱབ་ཀྱི་གནས་སྟངས་ཤིག་ཏུ་གྲུབ་ཟིན་འདུག་པས།རྟགས་ཡང་དག་གི་མཚན་ཉིད་དང་ཚུལ་གསུམ་རྩིས་སྟངས་ཀྱི་ཐད་ལ་དགེ་བའི་བཤེས་གཉེན་མཆོག་ནས་གསལ་འགྲེལ་ཞིག་གནང་རོགས།
    དཔྱད་ལན།ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཡང་།
    ①དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་།
    ②དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ནའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ།
    ③དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ་སྒྲུབ་ཀྱི་ལྡོག་ཁྱབ་བོ།།
    དེས་ན། ཁོ་བོས(ཕུར་བུ་སྲིད་ཐར)ཀྱང་ངེས་སྦྱོང་གཙོ་དཀའ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན《བློ་གསར་འཇུག་བདེའི་ལམ་བུ》ཡི་ནང་དུ་ཡང།སྟབས་བདེའི་ཚུལ་གསུམ་རྩིས་སྟངས་ཀྱང་འདི་ལྟར་གསལ་འགྲེལ་ཞུས་ཡོད་དེ།རྟགས་དེ་རྩོད་གཞིའི་སྟེང་དུ་གྲུབ་མིན་ནམ་རྩོད་གཞི་དེ་རྟགས་དེ་ཡིན་མིན་གྱིས་ཕྱོགས་ཆོས་གྲུབ་མིན་བལྟ་དགོས་པ་དང་།རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་མིན་གྱིས་རྗེས་ཁྱབ་གྲུབ་མིན་བརྩི་བ།གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་མིན་གྱིས་ལྡོག་ཁྱབ་གྲུབ་མིན་ལྟར་དུ་ཚུལ་གསུམ་གྲུབ་མིན་བལྟ་དགོས་ཚུལ་བསྟན་ཡོད་པས་དེར་གཟིགས་ནའང་དཔྱད་གཞིར་འོངས་ངེས་སྙམ་མོ།།

    ༧ འགལ་འབྲེལ་གྱི་ཤེས་བྱ་ལས་ནང་པའི་ལྟ་གྲུབ་གང་ཞིག་གསལ་སྟོན་བྱ་ཡི་ཡོད་དམ།
    དཔྱད་ལན།སྤྱིར་འགལ་འབྲེལ་གྱི་ཤེས་བྱས་ནང་པའི་ལྟ་གྲུབ་འདི་དང་འདི་སྟོན་ཞེས་ཁ་ཚོན་གཅོད་མི་རུང་མོད།འགལ་འབྲེལ་གྱི་ཤེས་བྱ་ཁོང་དུ་ཆུད་ན་ནང་པའི་ལྟ་གྲུབ་ཀྱི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་སོགས་འགྲེལ་བ་ལ་ཕན་ཡོན་ཆེ་བར་ངེས་སྙམ་མོ།།
    (འགལ་བ་ལ་ཕན་ཚུན་སྤང་འགལ་དང་ལྷན་ཅིག་མི་གནས་འགལ་གཉིས་སུ་དབྱེ་བ་ནི་ལྡོག་པའི་དབྱེ་བ་ཡིན།བསྡུས་གྲྭའི་རྩ་ཚིག་དྭངས་གསལ་མེ་ལོང་ལས། ཆོས་ཀུན་རང་ཉིད་རང་གི་ལྡོག་པ་ཉིད།ཅེས་གསུངས་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ་དོན་གཅིག་མིང་གི་རྣམ་གྲངས་ཡིན།ལྷན་ཅིག་མི་གནས་འགལ་ལྟ་བུ་ནི་གཉེན་པོ་དང་སྤང་བྱ་བསྟེན་ཚུལ་ཏེ།བདག་འཛིན་དང་དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ།ཁོང་ཁྲོ་དང་དེའི་གཉེན་པོ་བཟོད་པ་སོགས་བསྟེན་པའི་རིགས་པ་དང་འབྲེལ་ཡོད)

    ༨མི་དང་བ་གླང་ལྟ་བུ་གཟུགས་ཤེས་གཉིས་འདུས་རྣམས་ལྡན་མིན་འདུ་བྱེད་ཡིན་པར་ཚིག་འགྲེལ་བྱ་ཐུབ་ཀྱི་འདུག་ཀྱང་།དུས་ཚོད་སོགས་ལྡན་མིན་འདུ་བྱེད་ཀྱི་མཚན་གཞིར་འགྲོ་ཚུལ་གྱི་ཐད་ལ་སློབ་དཔོན་མཆོག་ནས་འགྲེལ་བཤད་ཁ་གསལ་ཞིག་གནང་རོགས་ཞུ།
    དཔྱད་ལན།ལྡན་མིན་འདུ་བྱེད་ཅེས་པ་ནི་བེམ་ཤེས་གང་རུང་མ་ཡིན་པའི་འདུས་བྱས་ཤིག་ལ་བརྗོད་པས།དུས་ཚོད་ལྟ་བུ་འདུས་བྱས་ཡིན་པ་གང་ཞིག བེམ་པོ་མ་ཡིན་པ། ཤེས་པ་ཡང་མ་ཡིན་པས་མཐའ་གཞན་འགོག་པའི་རིག་པ་ལ་བརྟེན་ནས་ལྡན་མིན་འདུ་བྱེད་དུ་གྲུབ་བོ།།

    ༩ སྔོ་སེར་སོགས་ལ་རྩ་བའི་ཁ་དོག་ཡིན་པ་ནི་དེ་དག་གིས་ཁ་དོག་གཞན་གྱི་རྒྱུ་བྱེད་པའི་ཆ་ནས་རྩ་བའི་ཁ་དོག་ཅེས་གསུངས་སམ།ཡང་ན་རྒྱུ་མཚན་དང་དགོས་པ་གཞན་ཞིག་གིས་དེ་ལ་རྩ་བའི་ཁ་དོག་ཅེས་ཟེར།
    དཔྱད་ལན། སྔོ་སེར་སོགས་བཞི་ནི་ཁ་དོག་གཞན་སྐྱེས་པའི་རྒྱུ་བྱེད་ཀྱང་།ཁ་དོག་གཞན་གྱིས་རྒྱུ་བྱས་པ་ལ་བརྟེན་ནས་སྔོ་སེར་སོགས་བཞི་འབྱུང་བ་རྩ་བ་ནས་མི་སྲིད་པས་དེ་བཞི་ལ་རྩ་བའི་ཁ་དོག་ཅེས་བརྗོད་དོ།། (ཁ་དོག་ལ་དབྱེ་ན་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས་ཡོད།སྔོ་སེར་དཀར་དམར་བཞི་པོ་ཁ་དོག་གཞན་བསྲེས་ནས་ཡོང་མི་ཐུབ་པས་རྩ་བའི་ཁ་དོག་ཟེར།ཁ་ཅིག་གིས་རྩ་བའི་ཁ་དོག་ལ་དང་པོའི་ཁ་དོག་ཅེས་འབོད་པ་ནི་མ་དག་སྟེ།ལུག་ནག་པོའི་ཁ་དོག་ལྟ་བུ་དང་པོའི་ཁ་དོག་ཡིན་ཡང་རྩ་བའི་ཁ་དོག་མ་ཡིན་པའི་ཕྱིར་ཏེ།ནག་པོ་ནི་དམར་སྔོན་སེར་གསུམ་བསྲེས་པ་ལས་བྱུང་བའི་ཕྱིར། ཁོ་བོས་མཁས་དབང་བསྟན་པ་རབ་བརྟན་ལགས་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཀྱང་བསྡུས་གྲྭའི་ནང་གི་རྩ་བའི་ཁ་དོག་གི་བཞག་སྟངས་དང་ཚོན་གྱི་རྩ་བའི་ཁ་དོག་བཞག་སྟངས་གཅིག་པ་གཅིག་རྐྱང་ཡིན་ཞེས་གསུངས་བར་གཞིགས་ན།ཡན་ལག་གི་ཁ་དོག་ལ་དབྱེ་ན་དེར་གྱུར་པའི་སྤྲིན་དང་དུ་བ་སོགས་ཟེར་དགོས་ཏེ།སྤྲིན་པ་ལ་ཡང་དཀར་པོ་དམར་པོ།ནག་པོ་སོགས་ཡོད་པས་སྤྲིན་པ་ཡིན་ན་ཡན་ལག་གི་ཁ་དོག་ཡིན་པས་མ་ཁྱབ།ཡན་ལག་གི་ཁ་དོག་ལ་བརྒྱད་དུ་ཕྱེ་བ་ནི་མཚན་གཞིའི་དབྱེ་བ་ལས་ངོ་བོའི་དབྱེ་བ་མ་ཡིན)

    ༡༠ན་ལག་གི་ཁ་དོག་གི་མཚན་གཞི་ལ་ལྗང་ཁུ་སོགས་བཞག་པ་ནི་ངོས་འཛིན་བྱ་བདེ་ཡང་།རྡུལ་དང་ཁུག་སྣ་སོགས་ཡན་ལག་ཁ་དོག་ཡིན་ཚུལ་ཇི་ལྟར་འགྲེལ་དགོས་སམ།
    དཔྱད་ལན།རྡུལ་དང་ཁུག་སྣ་སོགས་ཡན་ལག་གི་ཁ་དོག་ཡིན་ཞེས་བརྗོད་མེད།ཡན་ལག་གི་ཁ་དོག་ཏུ་གྱུར་པའི་རྡུལ་དང་ཁུག་སྣ་སོགས་ཀྱི་ཁ་དོག་རྣམས་ཡན་ལག་གི་ཁ་དོག་ཡིན་ཞེས་བརྗོད་པ་ཡིན་ཏེ།དེ་བརྒྱད་འདྲེན་སྐབས་དེར་གྱུར་པའི་སྤྲིན་དང་། དེར་གྱུར་པའི་དུ་བ་ཞེས་སོགས་བརྗོད་པ་ལ་དགོས་པ་ཡོད་པའི་ཕྱིར་རོ།།

    ༡༡སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཞེས་པའི་དགོས་པ་ནི་རིགས་སྤྱི་དང་སྤྱི་གཉིས་དོན་གཅིག་ལྟ་བུ་རྒྱུ་མཚན་དུ་བརྗོད་པའི་ཤུགས་ལ།ཚོགས་སྤྱི་དང་དོན་སྤྱི་གཉིས་དེའི་དབྱེ་བ་དངོས་ཡིན་པ་ལྟ་བུའི་གོ་བ་ཞིག་ཆགས་ཀྱི་འདུག་པས་ཚོགས་སྤྱི་དང་དོན་སྤྱི་གཉིས་སྤྱིའི་དབྱེ་བ་དངོས་ལ་བཞག་ན་འགྲིག་གམ།
    དཔྱད་ལན།སྤྱི་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་བ་དང་འགལ་བ་ལ་ལྡོག་པའི་སྒོ་ནས་དབྱེ་བ།ཡང་ན་འགལ་བ་ལ་དགོས་པའི་དབང་གིས་དབྱེ་བ་ཞེས་པ་ལྟ་བུའི་ཚེ་ན།དེ་དེའི་དབྱེ་བ་ཡིན་པས་མ་ཁྱབ་ལ། མ་ཡིན་པས་ཁྱབ་པ་ཡོད་པ་སྟེ། སྤྱི་དང་རིགས་སྤྱི་གཉིས་དོན་གཅིག་ཡིན་པས་རིགས་སྤྱི་སྤྱིའི་དབྱེ་བ་མ་ཡིན་ལ།ཚོགས་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་ལ། མ་ཡིན་པས་ཀྱང་མ་ཁྱབ་སྟེ།ཀ་བུམ་གཉིས་ལྟ་བུ་ཚོགས་སྤྱི་ཡིན་ཏེ་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་ཡིན་ཏེ་བེམ་པོ་ཡིན་པའི་ཕྱིར་ན་དེ་ཚོགས་སྤྱི་ཡིན་ཡང་།རིགས་སྤྱི་མ་ཡིན་ཏེ་ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར་ཏེ།ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར་རོ། ། དེ་བཞིན།དོན་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་སྟེ། མ་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟར་ཡིན་ཏེ།དེ་རྟོག་པའི་སྣང་ངོ་ཙམ་དུ་གྲུབ་པའི་སྒྲོ་བཏགས་ཀྱི་ཆ་ཡིན་པའི་ཕྱིར་རོ། ། ཞེས་པ་ལྟ་བུ་དང་།ཡང་འགལ་བ་ལ་དགོས་པའི་དབང་གིས་དབྱེ་བའམ་ལྡོག་པའི་སྒོ་ནས་དབྱེ་བ་སོགས་ཀྱི་དཔྱད་ལན་ཡང་།ཁོ་བོས(ཕུར་བུ་སྲིད་ཐར)རྩོམ་སྒྲིག་བྱས་པའི་མཐོ་འབྲིང་བོད་སྐད་ཡིག་ངེས་སྦྱོང་བསླབ་གཞིའི་གཙོ་དཀའ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན《བློ་གསར་འཇུག་བདེའི་ལམ་བུ》ཡི་ནང་དུ་ཡང་དེ་ལྟར་དུ་དཔྱད་གཞིའི་ཚུལ་དུ་བཀོད་ཡོད་པ་ལ་དཔྱད་གཟིགས་བྱས་ན་ཡང་ཕན་པ་ཅུང་ཐོན་སྙམ།

    ༡༢བུམ་པ་ལྟ་བུ་ཚོགས་སྤྱིའི་མཚན་གཞིར་འཇོག་གི་ཡོད་ཀྱང་།བུམ་པ་དེ་ཆ་ཤས་བསལ་ནས་འགྲོ་དུས་གང་ཡང་རྙེད་དུ་མེད་པ་ལྟ་བུ་ཞིག་ཆགས་འདུག་པས་བུམ་པ་ཚོགས་སྤྱིར་ཇི་ལྟར་འཇོག
    དཔྱད་ལན། བུམ་པ་ཆ་ཤས་བསལ་ནས་འགྲོ་དུས་གང་ཡང་རྙེད་དུ་མེད་པར་འགྲོ་ལ་ཆ་ཤས་མ་བསལ་ཚེ།བུམ་པ་རྙེད་དུ་ཡོད་པའི་རྒྱུ་མཚན་གྱིས་བུམ་པ་ཚོགས་སྦྱིར་འཇོག་སྟེ།བུམ་པའི་མཆུ་དང་ཞབས། ལྟོ་བ་སོགས་ནས་བུམ་པ་གྲུབ་པ་བཞིན་ནོ། །

    ༡༣གྲང་བ་དང་བཀྲེས་པ་སོགས་འབྱུང་འགྱུར་གྱི་རེག་བྱ་ཡིན་པས།ཚ་བ་དང་རྒྱགས་པ་སོགས་འབྱུང་འགྱུར་གྱི་རེག་བྱར་བཞག་ན་འགྲིག་གམ། རྒྱུ་མཚན་ཅི།
    དཔྱད་ལན།སྤྱིར་གྲང་བ་དང་བཀྲེས་པ་སོགས་འབྱུང་འགྱུར་གྱི་རེག་བྱར་བཞག་མེད་དེ།འབྱུང་འགྱུར་གྱི་རེག་བྱ་བདུན་འདྲེན་སྐབས། དེར་གྱུར་པའི་འཇམ་པ་དང་རྩུབ་པ།ལྕི་བ་དང་ཡང་བ། གྲང་བ་དང་བཀྲེས་པ། སྐོམ་པ་སོགས་བརྗོད་པའི་ཕྱིར། དེས་ན།ཚ་བ་དང་རྒྱགས་པ་སོགས་སྤྱིར་འབྱུང་འགྱུར་གྱི་རེག་བྱ་མིན་ཡང་།དེར་གྱུར་པའི་ཚ་བ་དང་རྒྱགས་པ་སོགས་འབྱུང་འགྱུར་གྱི་རེག་བྱར་བཞག་ན་སྐྱོན་མེད་དོ། །

    ༡༤ རྣམ་པར་འཇོག་བྱེད་ཅེས་པའི་རྣམ་པར་དང་། རྣམ་པར་གཞག་བྱ་ཞེས་པའི་རྣམ་པར་ཞེས་པ་གཉིས་ལ་གོ་བ་ཇི་ལྟར་ལེན་དགོས།རྣམ་པར་གཉིས་ལ་ཁྱད་པར་ཡོད་དམ།
    དཔྱད་ལན།སྤྱིར་རྣམ་པར་ཞེས་པར་དམིགས་བསལ་གྱི་འགྲེལ་པ་ཞིག་མི་མཐོང་མོད།འདིར་བཤད་པའི་རྣམ་པར་འཇོག་བྱེད་ཅེས་པ་ནི་མཚན་ཉིད་དང་རྣམ་པར་གཞག་བྱ་ཞེས་པ་ནི་མཚོན་བྱ་ལ་གོ་བས་གཏན་ལ་དབབ་བྱ་དང་གཏན་ལ་འབེབས་བྱེད་ལྟ་བུར་གོ་ན་ལེགས་སྙམ་མོ།།

    ༡༥རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་དང་།བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཀྱི་དོན་གང་ཡིན།དེ་ལ་འགྲེལ་པ་ཁ་གསལ་ཞིག་གནང་རོགས།
    དཔྱད་ལན།སྤྱིར་རྫས་ཡོད་ཅེས་པ་དངོས་པོ་དང་།བཏགས་ཡོད་ཅེས་པ་རྟག་པ་ལ་གོ་བ་ནི་བསྡུས་གྲྭའི་གཞུང་གི་སྤྱིའི་དགོངས་པ་ཡིན་མོད།འདིར་རྫས་ཡོད་ཆོས་གསུམ་ཞེས་པ་ནི་མཚན་ཉིད་ཡིན་པར་ཚང་དགོས་པའི་ཆ་རྐྱེན་གསུམ་དང་།བཏགས་ཡོད་ཆོས་གསུམ་ཚང་བ་ཞེས་པ་ནི་མཚོན་བྱ་ཡིན་པར་ཚང་དགོས་པའི་ཆ་རྐྱེན་གསུམ་ལ་གོ་ན་ལེགས་སྙམ་མོ།།

    ༡༤ རྣམ་པར་འཇོག་བྱེད་ཅེས་པའི་རྣམ་པར་དང་། རྣམ་པར་གཞག་བྱ་ཞེས་པའི་རྣམ་པར་ཞེས་པ་གཉིས་ལ་གོ་བ་ཇི་ལྟར་ལེན་དགོས།རྣམ་པར་གཉིས་ལ་ཁྱད་པར་ཡོད་དམ།
    དཔྱད་ལན།སྤྱིར་རྣམ་པར་ཞེས་པར་དམིགས་བསལ་གྱི་འགྲེལ་པ་ཞིག་མི་མཐོང་མོད།འདིར་བཤད་པའི་རྣམ་པར་འཇོག་བྱེད་ཅེས་པ་ནི་མཚན་ཉིད་དང་རྣམ་པར་གཞག་བྱ་ཞེས་པ་ནི་མཚོན་བྱ་ལ་གོ་བས་གཏན་ལ་དབབ་བྱ་དང་གཏན་ལ་འབེབས་བྱེད་ལྟ་བུར་གོ་ན་ལེགས་སྙམ་མོ།།

    ༡༥ རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་དང་། བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཀྱི་དོན་གང་ཡིན།དེ་ལ་འགྲེལ་པ་ཁ་གསལ་ཞིག་གནང་རོགས།
    དཔྱད་ལན།སྤྱིར་རྫས་ཡོད་ཅེས་པ་དངོས་པོ་དང་།བཏགས་ཡོད་ཅེས་པ་རྟག་པ་ལ་གོ་བ་ནི་བསྡུས་གྲྭའི་གཞུང་གི་སྤྱིའི་དགོངས་པ་ཡིན་མོད།འདིར་རྫས་ཡོད་ཆོས་གསུམ་ཞེས་པ་ནི་མཚན་ཉིད་ཡིན་པར་ཚང་དགོས་པའི་ཆ་རྐྱེན་གསུམ་དང་།བཏགས་ཡོད་ཆོས་གསུམ་ཚང་བ་ཞེས་པ་ནི་མཚོན་བྱ་ཡིན་པར་ཚང་དགོས་པའི་ཆ་རྐྱེན་གསུམ་ལ་གོ་ན་ལེགས་སྙམ་མོ།།

    ༡༦ རྟག་པའི་མཚན་གཞི་འཇོག་དུས།ཤེས་བྱ་དང་རྟག་དངོས་གཉིས་ལྟ་བུ་མཚན་གཞིར་འཇོག་གི་འདུག་པས།དེའི་མཚན་གཞིར་འགྲོ་ཚུལ་ལ་འགྲེལ་བཤད་ཅིག་གནང་རོགས།
    དཔྱད་ལན། དེ་ནི་རྟག་པའི་མཚན་ཉིད་ལ་རག་ལས་པ་ཡིན་ཏེ།རྟག་པའི་མཚན་ཉིད་དུ་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཞེས་ཆོས་ཡིན་པ་གང་ཞིག མི་རྟག་པ་མ་ཡིན་པ་ལ་རྟག་པ་ཞེས་བརྗོད་པའི་ཕྱིར་རོ། །འདི་ཡང་མཐའ་གཞན་འགོག་པའི་རིག་པ་ལ་བརྟེན་ནས་ཤེས་ཐུབ་བོ། །

    ༡༧  ཕན་ཚུན་སྤང་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད་ལ།དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་ཞིང་། གཞི་མི་མཐུན་པར་གནས་པ་ཞེས་གསུངས་འདུག་པས།མཚན་ཉིད་དེ་ལ་འགྲེལ་པ་ཞིག་གནང་རོགས།
    དཔྱད་ལན།དངོས་འགལ་དང་བརྒྱུད་འགལ་གྱི་སྐབས་བསྡུས་གྲྭའི་བསྟན་བཅོས་ཁག་གཅིག་ནང་དངོས་སུ་གནོད་བྱ་གནོད་བྱེད་ཡིན་མིན་གྱི་ཐོག་ནས་འགྲེལ་པ་བྱེད་པ་མཐོང་མོད།དེར་རྒྱུ་མཚན་ཆེ་བ་མི་མཐོང་སྟེ། དཔེར་ན།ཀ་བུམ་གཉིས་ལྟ་བུ་དངོས་སུ་གནོད་བྱ་གནོད་བྱེད་ཡིན་མིན་ཁ་ཚོན་གཅོད་དཀའ་བས་དངོས་འགལ་དང་བརྒྱུད་འགལ་གྱི་མཚན་ཉིད་ལ།དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་ཚེ་དབང་མཆོག་གིས་གསུངས་པ་ལྟར། “འགལ་བ་གང་ཞིག་གཉིས་མ་ཡིན་གྱི་ཕུང་གསུམ་སེལ་བ་དངོས་འགལ་གྱི་མཚན་ཉིད་དང་།འགལ་བ་གང་ཞིག་གཉིས་མ་ཡིན་གྱི་ཕུང་གསུམ་མི་སེལ་བ་བརྒྱུད་འགལ་གྱི་མཚན་ཉིད”དུ་འཇོག་ན་གོ་དོན་གསལ་ཞིང་རིག་པ་དང་ལྡན་པར་ཡང་སེམས་སོ།།

    ༡༨  ཆུ་དང་ཉ་མོ་ལྟ་བུ་དང་།གྱང་དང་ལྡེབས་རིས་ལྟ་བུ་འགལ་བ་ཡིན་ནམ་འབྲེལ་བ་ཡིན།
    དཔྱད་ལན། བསྡུས་གྲྭའི་དགོངས་པ་ལྟར་ན།ཆུ་དང་ཉ་མོ་ལྟ་བུ་དང་། གྱང་དང་ལྡེབས་རིས་ལྟ་བུ་གཉིས་ཀ་འགལ་བ་ཡིན་ཏེ།ཐ་དད་གང་ཞིག་གཞི་མཐུན་མི་སྲིད་པའི་ཕྱིར་རོ། ། འོན་ཀྱང་།ཁྱེད་ཀྱིས་དེ་གཉིས་འགལ་བ་ཡིན་ནམ་འབྲེལ་བ་ཡིན་ཞེས་པའི་དྲི་བར་གཞིགས་ན།འགལ་བ་ཡིན་ན་འབྲེལ་བ་མ་ཡིན་པ་དང་། འབྲེལ་བ་ཡིན་ན་འགལ་བ་མ་ཡིན་པ་ལྟ་བུར་གོ་མོད།དེ་གཉིས་གཅིག་ཡིན་ན་གཅིག་ཤོས་མ་ཡིན་པའི་ངེས་པ་མེད་དེ། དཔེར་ན།མེ་དུ་གཉིས་འགལ་བ་ཡང་ཡིན། འབྲེལ་བ་ཡང་ཡིན་པ་བཞིན་ནོ། །.       

    ༡༩ འགལ་བ་ཡིན་ལ་འབྲེལ་བ་ཡང་ཡིན་པའི་ཤེས་བྱ་ཡོད་དམ།དུ་བ་དང་མེ་ལྟ་བུ་འགལ་འབྲེལ་གཉིས་ཀར་བཞག་ན་འགྲིག་གམ།
    དཔྱད་ལན། ཡོད་དེ། མེ་དུ་གཉིས་འགལ་བ་ཡང་ཡིན་ལ་འབྲེལ་བ་ཡང་ཡིན་པའི་ཕྱིར།

    ༢༠ ཁ་ཅིག་གིས་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དོན་སྦྱོར་དག་ཚད་མའི་ནང་བསྟན་པའི་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་ནང་མ་ཚུད་པ་ཅི་ཡང་མེད་པ་མ་ཟད།བསྡུ་ཚུལ་དེས་འབྲེལ་སྒྲའི་དཀའ་རྙོག་ཇི་སྙེད་ཅིག་བསེལ་བར་བརྗོད། དགེ་རྒན་མཆོག་གི་དགོངས་པ་ལྟར་ན་དེ་ལྟར་ཨེ་ཡིན།རྒྱུ་མཚན་ཅི། 
    དཔྱད་ལན།སྤྱིར་བསྡུས་གྲྭའི་ནང་གི་འབྲེལ་བ་གཉིས་ཏེ།བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གྱིས་འབྲེལ་སྒྲའི་དོན་སྦྱོར་ལ་གོ་བ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཐོན་ཡང་།འབྲེལ་སྒྲའི་དོན་སྦྱོར་ཐམས་ཅད་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་བསྡུས་ཞེས་བརྗོད་ན་འབྲེལ་སྒྲའི་དོན་སྦྱོར་ཁག་གི་དབྱེ་བ་གསལ་པོར་ཕྱེ་མ་ཐུབ་པའི་སྐྱོན་མཆིས་སོ། །

    ༢༡  སྤྱི་ལ་སྒྲས་བརྗོད་རིགས་དང་འགལ་བ་ལ་ལྡོག་པའི་སྒོ་ནས་དབྱེ་བ་བཞག་ཡོད།དབྱེ་བ་དངོས་མ་ཡིན་པའི་དབྱེ་ཚུལ་དེས་ནང་པའི་ཚད་མ་རིག་པ་ལ་གཏན་ཚིགས་ཀྱི་ཚགས་དམ་པོ་མེད་པའི་སྐྱོན་ཐོན་ཨེ་སྲིད།
    དཔྱད་ལན།ཚགས་དམ་པོ་མེད་པའི་སྐྱོན་ལྷག་རྒྱུ་ལྟ་ཅི། དེ་བས་གཏན་ཚིགས་ཀྱི་ཚགས་དམ་པར་མཐོང་སྟེ།དབྱེ་བ་དེ་དག་དབྱེ་བ་དངོས་མ་ཡིན་པར་བསྟན་པའི་ཕྱིར་རོ། །

    ༢༢ མུ་འཇོག་སྟངས་ཀྱི་རིག་པ་འདི་ཤེས་བྱའི་གནད་ཀུན་ལ་སྤྱད་ན་འོས་སམ་མི་འོས།དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ནུས་པ་ཅི་ཞིག་ཡོད། མུ་ཞེས་པའི་ཐ་སྙད་ལ་གོ་བ་ཇི་ལྟར་ལེན་དགོས།
    དཔྱད་ལན།མུ་འཇོག་སྟངས་ཀྱི་རིག་པ་འདི་ཤེས་བྱའི་གནད་ཀུན་གྱི་དབར་ཁྱད་པར་གང་མཆིས་དང་འབྲེལ་བ་གང་ཡོད་སོགས་དབྱེ་ཞིབ་བྱེད་སྐབས་རིག་པ་འདི་ཤིན་ཏུ་ནས་ཕན་ཡོན་ཆེ་བར་མཐོང་།མུ་ཞེས་པའི་ཐ་སྙད་ནི་རིགས་ཞེས་པའི་དོན་ལྟ་བུར་གོ་ན་སྙམ། 

    ༢༣ མར་མེ་སྐད་ཅིག་ཐ་མ་དེ་དངོས་པོ་ཡིན་ན། དེ་རྒྱུ་ཡིན་པས་ཁྱབ།དེ་རྒྱུ་ཡིན་ན་དེས་བསྐྱེད་པའི་འབྲས་བུ་ཅི་ཡིན། ཡང་ན་མར་མེ་སྐད་ཅིག་ཐ་མ་དེ་དེའི་འབྲས་བུའི་ཉེར་ལེན་ཡིན་ནམ་ལྷན་ཅིག་བྱེད་རྐྱེན་ཡིན།ཡང་ན་གཉིས་ཀ་ཡིན། རྒྱུ་མཚན་གཏིང་ཟབ་ཙམ་ཞིག་ཡོད་པར་མཁྱེན།
    དཔྱད་ལན།མར་མེའི་སྐད་ཅིག་མཐའ་མ་དེ་དངོས་པོ་ཡིན།དེས་བསྐྱེད་པའི་འབྲས་བུ་མར་མེའི་སྐད་ཅིག་མཐའ་མའི་མཐའ་མ་ལྟ་བུའམ། ཡང་ན།མར་མེའི་སྐད་ཅིག་མཐའ་མའི་འབྲས་བུར་གྱུར་པའི་མུན་པ་ལྟ་བུ་འཇོག་པས་སྔ་མའི་འབྲས་བུ་དེའི་ཉེར་ལེན་དང་ཕྱི་མའི་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་ལ་འཇོག་ན་ཆོག་པར་སེམས།

    ༢༤ གཟུགས་དང་བེམ་པོ་དོན་གཅིག་ཡིན་ཟེར། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད་ཡིན་ཟེར།དེས་ན་སྒྲ་རྡུལ་དུ་གྲུབ་པ་ཡིན་ནམ། སྒྲ་ལ་རྡུལ་རྫས་ཡོད་དམ།
    དཔྱད་ལན། སྒྲ་རྡུལ་དུ་གྲུབ་པ་ཡིན།སྒྲ་ལ་རྡུལ་རྫས་ཡོད་དེ། སྒྲ་གོ་བས་ཉན་ཤེས་ཡོད་པའི་ཕྱིར་རོ། །

    ༢༥ དབང་པོ་ལྔའི་མཚན་ཉིད་འཇོག་སྐབས། རང་འབྲས་མིག་ཤེས་སོགས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ(དབྱིབས་ཟར་མའི་མེ་ཏོག་ལྟར་ཆགས་པའི་གཟུགས་ཤིན་ཏུ་དྭངས་པ་དང་།སྣའི་གདོང་རྒྱུད་ན་ཟངས་ཁབ་གཤིབ་པ་ལྟ་བུ།ལྕེའི་དབང་རྟེན་གྱི་སྟེང་དུ་ཟླ་ཕྱེད་གཉིས་གཤིབ་ལྟ་བུ།རྣ་བའི་ནང་དུ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུ།ལུས་ཀྱི་ཕྱི་ནང་སྟོད་སྨད་སོགས་ལ་རེག་བྱ་མྱོང་བའི་རྡུལ་རྫས་ཤིན་ཏུ་དྭངས་པ་ལུས་ཀྱི་དབྱིབས་བཞིན་དུ་ཁྱབ)ཞེས་གཟུགས་ཅན་མང་པོ་ཞིག་བཀོད་པ་དག་ཐོག་མར་གཞུང་གང་ན་གསལ་ཡོད། གཟུགས་ཅན་དྭངས་པ་དེ་རྣམས་མངོན་སུམ་གྱིས་རྟོགས་པ་ཡིན་ནམ་ཡང་ན་རྗེས་དཔག་གིས་འཇལ་བ་ཡིན།ཡང་ན་སངས་རྒྱས་ཀྱི་བཀའ་ལ་གཞི་བཅོལ་བ་ཡིན།
    དཔྱད་ལན། དེ་ལྟ་བུའི་གསུང་ཚུལ་རྣམས་གཞུང་ཆེ་བ་འདི་དང་འདིའི་ནང་གསལ་ཞེས་ཞུ་མ་སྤོབས་ཀྱང་།མཁས་མཆོག་དམུ་དགེ་བསམ་གཏན་གྱིས་མཛད་པའི《བློ་གསལ་རིག་སྒོ》ཡི་ནང་གསལ་ཞིང་།དེ་རྣམས་མངོན་སུམ་གྱིས་རྟོགས་པ་དང་རྗེས་དཔག་གིས་འཇལ་བ་ལ་འགལ་བ་མེད་དེ།གཞི་གྲུབ་ན་རྗེས་དཔག་ཚད་མའི་དངོས་གཞལ་ཡིན་པས་ཁྱབ་པས་མངོན་འགྱུར་རྣམས་ཀྱང་རྗེས་དཔག་ཚད་མའི་གཞལ་བྱ་ཡིན་པ་བཞིན་ནོ།།

    ༢༦ གཟུགས་ཀྱི་མཚན་ཉིད་ལ་གཟུགས་སུ་རུང་བ་དང་། ཁ་དོག་གི་མཚན་ཉིད་ལ་མདོག་ཏུ་བསྟན་དུ་རུང་བ།དབྱིབས་ཀྱི་མཚན་ཉིད་ལ་དབྱིབས་སུ་རུང་བ་ཞེས་མཚན་ཉིད་བཞག་པ་དེ་མཚན་ཉིད་བཞག་སྟངས་ཚད་དང་ལྡན་པ་ཞིག་ཨེ་ཡིན་སྙམ་པའི་དྭོགས་གཞི་ཞིག་འཆར་གྱི་འདུགམཚན་ཉིད་ཀྱི་ནང་དུའང་མཚོན་བྱའི་མིང་བསྐྱར་ཟློས་བྱས་པ་ལས་དེའི་ངོ་བོ་མཚོན་མི་ཐུབ་སྙམ་པ་ཞིག་འདུགགོང་ལྟར་ན་སྒྲའི་མཚན་ཉིད་ལ་རྣ་ཤེས་ཀྱི་མཉན་བྱ་མི་ཟེར་བར་སྒྲ་རུ་རུང་བ་དང་། དྲིའི་མཚན་ཉིད་ལ་དྲི་རུ་རུང་བ་ཟེར་ན་རིགས་སམ་མི་རིགས།
    དཔྱད་ལན།དེ་ནི་དགེ་བཤེས་ཚེ་དབང་མཆོག་གིས་བཏང་བའི་རིག་པ་ཞིག་སྟེ།མཚན་ཉིད་དེ་ལྟར་དུ་འཇོག་ན་ཤེས་བྱ་ཐམས་ཅད་ཀྱི་མཚན་ཉིད་ལ་བསམ་བློ་གཏོང་མི་དགོས་པར་བཤད་ཐུབ་པའི་སྐྱོན་དང་།དེ་བཞིན།མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ཚད་མའི་ངེས་རིམ་བཞིན་མ་གྲུབ་པའི་སྐྱོན་ཡང་མཆིས་པར་སེམས།

    ༢༧ སྒྲ་ལ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་དང་མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་གཉིས་སུ་དབྱེ་འདུག  འོན་ཀྱང་ང་རང་ནི་སྒྲ་ལ་དབྱེ་བ་གསུམ་སྟེ། གོང་གི་སྟེང་དུ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ཞེས་བསྣན་འདོད།དེའི་མཚན་གཞི་ལ་ལག་པས་སྒྲོག་ཙེ་བརྡབ་པའི་སྒྲ་ལྟ་བུ་བཞག་ཡོད། རྒན་ལགས་མཆོག་གིས་དེ་ལ་འགྲིག་མིན་གདེང་འཇོག་གནང་རོགས།
    དཔྱད་ལན།དེར་རྒྱུ་མཚན་ལྟར་སྣང་ལྟ་བུ་ཞིག་མཐོང་མོད། དོན་ལ་དེ་ནི་ལག་པས་སྒྲོག་ཙེ་བརྡབ་པའི་སྒྲ་ཞེས།ཁྱད་གཞི་ནི་སྒྲོག་ཙེ་བརྡབ་པའི་སྒྲ་རང་ལས་ལག་པ་བརྡབ་པའི་སྒྲ་ལ་མི་གོ་བས་དེ་མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ལ་འཇོག་ན་འཐད་པར་སེམས།

    ༢༨ ཀ་བུམ་གཉིས་ལྟ་བུ་ཡིན་པ་མི་སྲིད་པའི་ཤེས་བྱ་དང་།བྱེ་བྲག་ཡིན་ལ་སྤྱི་མིན་པའི་མཚན་གཞིར་བཞག་འདུག ཀ་བུམ་གཉིས། རྟ་གཡག་གཉིས། རི་བོང་གི་རྭ་ལྟ་བུའི་མཚན་གཞི་དག་རིགས་ལམ་གྱི་སྐབས་དགོས་པ་གང་གི་ཆེད་དུ་དྲངས་པ་ཡིན།དེ་རྣམས་རིག་པའི་རོལ་རྩེད་ཙམ་ཡིན་ནམ་ཡང་ན་བློ་འབྱེད་ཀྱི་དགོས་པ་གཞན་ཡོད། སྤྱི་ཚོགས་ཀྱི་འཚོ་བའི་རིན་ཐང་ལྟ་བར་ཕན་ཐོགས་ཡོད་དམ་མེད།
    དཔྱད་ལན།དེ་རྣམས་རིག་པའི་རོལ་རྩེད་ཙམ་མ་ཡིན་ཏེ། དོན་དངོས་ཀྱི་འཚོ་བའི་ནང་དུ་ཀ་བུམ་གཉིས་དང་།རྟ་གཡག་གཉིས་སོགས་འགལ་བར་འགྲོ་བའི་ཆོས་དུ་མ་ཞིག་མིག་མཐོང་ལག་ཟིན་ལ་གྲུབ་པས་དེས་གནད་དོན་དབྱེ་འབྱེད་བྱ་རྒྱུར་ཕན་ཐོགས་ལྡན་པར་སེམས།

    ༢༩ ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་དབྱེ་བ་ལས།གང་ཞིག་ཆ་འཇོག་འཕེར་བའམ་ཁུངས་དག་པར་བརྩི་ཆོག རྒྱུ་མཚན་ཅི།
    དཔྱད་ལན།ཚད་མ་མངོན་རྗེས་གཉིས་ལས་འདི་ཆ་འཇོག་འཕེར་བའམ་ཁུངས་དག་པ་ཡིན་ལ།གཅིག་ཤོས་ནི་དེ་ལས་ལྡོག་པའོ། ། ཞེས་བརྗོད་མི་རུང་སྟེ། དཔེར་ན།ལག་གཡས་གཡོན་གཉིས་ལས་ག་གེ་མོ་ཞིག་ལེགས་པ་དང་ཕན་ཡོན་ཆེ་ལ་གཅིག་ཤོས་ནི་དེ་ལས་ལྡོག་པའོ།། ཞེས་ཁ་ཚོན་གཅོད་མི་རུང་བ་བཞིན་ཡིན་ཏེ།གཞལ་བྱ་མངོན་འགྱུར་རྣམས་མངོན་སུམ་ཚད་མས་སྣང་ཡུལ་དུ་བྱེད་ལ།གཞལ་བྱ་ལྐོག་གྱུར་རྣམས་རྗེས་དཔག་ཚད་མས་སྣང་ཡུལ་དུ་བྱེད་པའི་ཕྱིར་རོ། །

     ༣༠  དོན་བྱེད་ནུས་པ་དང་དངོས་པོ་གཉིས་ཕན་ཚུན་འགལ་བ་ཡིན་ནམ་ཡིན་ཁྱབ་མཉམ་ཡིན།མཚན་མཚོན་གཉིས་འགལ་བ་ཡིན་ཞེས་པ་གོང་གི་གཞི་ལ་སྦྱར་ཏེ་འགྲེལ་བཤད་གནང་རོགས།
    དཔྱད་ལན།ཡིན་ཁྱབ་མཉམ་ཡིན་ཏེ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། ཡང་ན།དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།

    ༣༡ མཚན་མཚོན་གྱི་ཆོས་གསུམ་བརྩི་ཚུལ་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་པ་ང་ཚོའི་རྣམ་ཀུན་གྱི་འཚོ་བར་སྦྱར་ཏེ་གསུངས་རོགས།
    དཔྱད་ལན།མཚན་མཚོན་གྱི་ཆོས་གསུམ་གྱི་བརྩི་ཚུལ་གྱི་རིག་པ་འདིས་རྣམ་ཀུན་གྱི་འཚོ་བའི་ནང་གི་དགེ་རྒན་དང་སློབ་མ།ཕ་མ་དང་བུ་ཕྲུག འགོ་ཁྲིད་དང་མང་ཚོགས་ཞེས་པ་ལྟ་བུར་སོ་སོའི་མཚན་ཉིད་དམ་ཆ་རྐྱེན་གང་ཞིག་ངེས་པར་ཚང་དགོས་པ་དང་།དེ་མ་ཚང་ན་དགེ་རྒན་དང་དགེ་ཕྲུག་བཏགས་པ་བ་ལས་དངོས་མ་ཆགས་པའི་གནས་ལུགས་ཤེས་ན་ཕན་ཡོན་ཆེ་བར་སེམས།
    དཔྱད་ལན་རྣམས་རྒན་ཉི་མ་མཆོག་གིས་གསུངས་ཤིང་།མཐོང་བ་ཀུན་གྲུབ་འཕྲིན་ཕྲན་སྤྱི་སྟེགས་ཀྱི་རྩོམ་སྒྲིག་པ་རྒན་ཕུར་བུ་སྲིད་ཐར་ལགས་ཀྱིས་རྒན་ཁོང་གི་སྐུ་མདུན་དུ་ཡིག་ཐོག་ཏུ་ཕབ་པ་ཞིག་གོ།
    མཐོང་བ་ཀུན་གྲོལ་འཕྲིན་ཕྲན་སྤྱི་སྟེགས་ལས་བདམས་ཤིང་བཀོད།

糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图