国旗下的讲话|小学藏语文国旗下讲话稿子
信息编号:126 发布者:admin 发布时间:2019-05-02 12:15:03 关注:
信息编号:126 发布者:admin 发布时间:2019-05-02 12:15:03 关注:
-
གུས་ཤིང་བརྩེ་བའི་དབུ་ཁྲིད་ལྷན་རྒྱས་དང་། ལས་རོགས་ལྷན་རྒྱས། བརྩེ་བའི་སློབ་གྲོགས་ཚོ། སྐུ་ཁམས་བཟང་།
ང་ཚོ་མཉམ་དུ་ཉི་གཞོན་རབ་ཏུ་འཕྲོ་ཞིང་མཛེས་སྡུག་གི་དཔལ་ཡོན་ལྡན་པའི་ལུས་རྩལ་ཐང་ཆེན་འདིར་འཛོམས་ནས་བརྗིད་ཉམས་ལྡན་པའི་སྐར་ལྔའི་དར་དམར་སླར་ཡང་དགུང་སྔོན་དབྱིངས་སུ་བསྒྲེངས་རྒྱུ་བྱུང་བས་དགའ་སྤྲོ་ཆེ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སང་ཉིན་དེ་བས་མཛེས་སྡུག་ལྡན་ཞེས་བརྗོད། རེད་ལགས། སང་ཉིན་ནི་མཛེས་སྡུག་ལྡན་པ་ཞིག་རེད། འོན་ཀྱང་མཛེས་སྡུག་ལྡན་པའི་སང་ཉིན་འདི་ནི་གནམ་ནས་ཟག་པ་ཞིག་མིན་ལ་ས་ནས་སྐྱེས་པ་ཞིག་དེ་བས་ཀྱང་མིན། འདི་ནི་དེ་རིང་གི་བློ་གྲོས་དང་། བརྩོན་འགྲུས། སྙིང་རུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་རིང་གི་འབད་བརྩོན་གྱིས་སང་ཉིན་གྱི་བདེ་སྐྱིད་བསྐྲུན་ཐུབ། ང་ཚོ་མིའི་རིགས་ཀྱི་ངོས་ནས་བརྗོད་ན། སང་ཉིན་ནི་བེད་སྤྱོད་ནས་སྤྱོད་མི་ཚར་བ་ཞིག་རེད། ཡིན་ཡང་མི་སྒེར་ཞིག་ལ་ཆ་མཚོན་ན། འདིའི་ནུས་པ་དང་ཚེ་སྲོག་ཚང་མར་ཚད་ཡོད། འོན་ཀྱང་ང་ཚོས་ཚད་ཡོད་པའི་མི་ཚེ་འདི་ཚད་མེད་པའི་དུས་ཚོད་ནང་དུ་རང་འགར་བསྐྱལ་ན་དེར་སྙིང་པོ་ཅི་ཡང་མེད། འདི་ནི། དུས་ཚོད་གསེར་གྱི་ཆུ་མོ་འདི། རང་འགར་འབབ་ཏུ་འཇུག་མི་རུང་ཞེས་པ་ལྟར་རོ། སློབ་གྲོགས་ཚོ། ཁྱེད་ཚོས་བསམ་བློ་ཞིག་གཏོང་དང་། ང་ཚོས་དེ་རིང་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དེ་བཤད་མཁས་ན་མ་འོངས་པར་ལེགས་སྐྱེས་འབུལ་རྒྱུ་ཞིག་རེད་། དོན་ངོ་མའི་ཐད་རང་ཉིད་འཚོ་ཐབས་ཀྱི་ཆེད་དུ་མ་རེད་དམ། བདེ་སྐྱིད་ལྡན་པའི་འཚོ་བར་ལོངས་སྤྱོད་དང་། མང་པོའི་ནང་ནས་གོང་བཀུར་བ་ཞིག་བྱེད་བསམ་ན། ཤེས་བྱ་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་བྱེད་དགོས། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་རང་སློབ་ཀྱི་སློབ་ཕྲུག་ཕལ་མོ་ཆེ་ཞིག ཕག་པ་དོམ་གསོས་རྒྱག་པ་བཟང་ལ་མངོན། རྟ་ཕོ་སྒལ་བཅོས་བྱེད་པ་དགྲ་ལ་མངོན་ཞེས་པ་ལྟར་དགེ་རྒན་དང་ཕ་མའི་རེ་བ་ཚང་མ་ཆུད་བཟོས་སུ་བཏང་དང་བཏང་བཞིན་འདུག ང་བལྟས་ན་དེ་འདྲ་རང་ཨེ་ཡིན་སྙམ། ངའི་རེ་བར། སློབ་གྲོགས་ཚང་མས་ད་ཐེངས་ཀྱི་སློབ་གསོ་དེ་དང་ལེན་བྱས་ཏེ་དུས་ཚོད་རིན་ཆེན་ལྟ་བུར་དམ་འཛིན་བྱས་ནས་ཤེས་རིག་ལ་འབད་བརྩོན་ཧུར་ཐག་བྱེད་རོགས་ཞུ། གང་ལགས་ཞེ་ན། ད་ཆ་རང་སློབ་ཀྱི་ཆ་རྐྱེན་ཉིན་རེ་ལས་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ་སློབ་གྲྭའི་ཁོར་ཡུག་ཀྱང་ཉིན་རེ་བཞིན་མཛེས་སྡུག་ལྡན་པར་འགྱུར་གྱིན་འདུག འོན་ཀྱང་སློབ་གྲྭའི་ཁོར་ར་ཁོར་ཡུག་ཀུན་ཏུ་རྩེད་འཇོའི་རྣམ་པ་ལས་སློབ་སྦྱོང་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པ་ཧ་ཅང་གི་ཉུང་ཉུང་རེད་འདུག ང་ཚོ་བོད་ཀྱི་གཏམ་དཔེ་ལ། དགོང་མོ་མི་ཉལ་རྟ་དང་འདྲ། ཞོགས་པ་མི་ལངས་བ་དང་འདྲ་ཞེས་པ་ལྟར་སློབ་ཕྲུག་མང་པོ་ཞིག་གིས་ཉལ་བའི་དུས་ལ་མི་ཉལ་བར་ཉལ་ཁང་ནང་དུ་སྐད་ཅོར་རྒྱག་པ་དང་། ཉལ་སའི་ནང་དུ་ཟས་རིགས་སྤྱོད་པ་སོགས་མི་མཐུན་པའི་ལས་ངན་ཚང་མ་སྤེལ་གྱིན་འདུག་ལ་རང་ཉིད་ཙམ་མ་ཟད་སློབ་ཕྲུག་གཞན་ལའང་ཤུགས་རྐྱེན་ངན་པ་སྤྲད་ནས་ཚང་མ་ཞོགས་པའི་དུང་བརྡ་གྲགས་སྐབས་ཀྱང་། ད་དུང་རྨི་ལམ་གྱི་ཞིང་ཁམས་སུ་བསྐྱོད་བཞིན་ཡོད། ཁྱེད་ཚོས་བསམ་བློ་ཡག་པོ་ཞིག་གཏོང་དང་། དེ་ལྟ་བུའི་སློབ་ཕྲུག་ལ་སྦྱངས་འབྲས་ཡག་པོ་ཐོབ་སྲིད་དམ། ང་ཚོས་དུས་ཚོད་ལ་དམ་འཛིན་བྱས་ནས་ཞོགས་པ་སློབ་འབྱོལ་མི་བྱེད་པ་དང་། སློབ་ཚན་འཚོགས་སྐབས་ཁ་གཡེང་མིག་གཡེང་མི་བྱེད་པ། སྦྱོང་ཚན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་པ་ལས་བཤུ་འབྲི་མི་བྱེད་པ་སོགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་བརྩོན་འགྲུས་དང་སྙིང་རུས་ཀྱི་བསམ་བློ་ཞིག་ཀྱང་ལྡན་དགོས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་རང་གི་ལས་འགན་སློབ་སྦྱོང་དེར་བརྩོན་འགྲུས་བྱེད་དགོས། འོན་ཀྱང་སློབ་ཕྲུག་ཁ་ཤས་ཀྱིས་བརྩོན་འགྲུས་ཞེས་པའི་ཐ་སྙད་དེར་གོ་བ་ལོག་སྒྲུབ་བྱེད་ཀྱི་ཡོད། ནམ་ཞག་རྒྱུན་དུ་རྩེད་མོ་ཁོ་ནར་མགོ་འཁོར་ནས་སྡོད་པ་དང་། ཡིག་ཚད་རན་སྐབས་ཉལ་སའི་ནང་དང་། ཁ་ལག་ཟ་སྐབས། ཐ་ན་གསང་སྤྱོད་ནང་དུའང་དཔེ་དེབ་བལྟས་ནས་ཡིག་རྒྱུགས་དེར་ཁ་གཏད་བཅོག་གི་ཡོད། ངས་བལྟས་ན་དེར་བརྩོན་འགྲུས་བྱེད་པ་མི་ཟེར། བརྩོན་འགྲུས་ནི་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་འབད་བརྩོན་དང་། གཙང་སྦྲ་འཕྲོད་བསྟེན་ལ་དང་འདོད། མི་ཤེས་པ་དང་དཀའ་གནད་འཕྲད་ཚེ་དུས་ཐོག་ཏུ་དགེ་རྒན་བསྟེན་མཁན་ཚོར་བརྩོན་འགྲུས་ལྡན་པ་ཞེས་བརྗོད།
སློབ་ཕྲུག་ཚོ། ང་ཚོས་ལག་གདང་སྦྲེལ་ནས་དུས་ཚོད་ལ་དམ་འཛིན་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ན་ཕ་མ་དང་རྒན་ལགས་ཀྱི་རེ་བ་ཆུད་བཟོས་སུ་མི་འགྲོ་ལ་མཛེས་སྡུག་དང་དོན་སྙིང་ལྡན་པའི་སང་ཉིན་ལ་བསུ་བ་བྱེད་ཐུབ། བཀའ་དྲིན་ཆེ།
|
|