您当前的位置:首页 > 教学资讯 > 通知公告
དམའ་འབྲིང་བོད་སྐད་ཡིག་སྨྱན་མང་ཁྲིད་ཆས་ཆེད་བསྒྲིགས་དང་འབྲེལ་བའི་གསལ་བཤད།
信息编号:52 发布者:ADMIN 发布时间:2019-04-25 15:13:56 关注:
    རྒྱ་ཆེ་བའི་སློབ་འབྲིང་རྒན་ལགས་རྣམ་པ།  
          འོ་སྐོལ་དག་ནི་འཆད་སྟེགས་ལས་མི་ཚེ་ཟད་སོང་བར་ཇི་མི་སྙམ་མཁན་ཞེ་གཅིག་ཡིན་ཞིང་། ཁྱད་པར་བོད་པ་རང་གི་རིག་གནས་དང་། བོད་པ་རང་གི་ཁྱད་ཆོས་མ་དོར་བར་བོད་པ་སྔ་མས་བཙལ་རྙེད་བྱུང་བའི་བཤད་ཁྲིད། མྱོང་ཁྲིད། དམར་ཁྲིད་བཅས་པའི་སློབ་ཁྲིད་ཐབས་ལམ་ལ་གོམས་མུས་སུ་ཡོད་མོད། ཆ་འཕྲིན་ཅན་འགྱུར་གྱི་རྔ་ཆེན་ཕྱོགས་བཅུར་གྲགས་པའི་དེ་རིང་། ཆ་འཕྲིན་ཅན་འགྱུར་མ་བྱུང་ཡང་ཆ་འཕྲིན་ཅན་འགྱུར་གྱི་བཟོ་ཞིག་སྟོན་དགོས་གལ་འདུག་ལ། ལྷག་པར་དེ་ལྟའི་བཟོ་ལྟ་ཞིག་འདོན་པར་ཡང་དཀའ་ཁག་མི་ཉུང་བ་ནི་སློབ་གསོ་སློབ་ཁྲིད་ཀྱི་ལས་དང་པོ་བའི་རྒན་ལགས་ཚོགས་ལ་གསལ་ཆ་མཆིས།   དེས་ནས་འདིར་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མི་རིགས་དང་མི་རིགས་ཀྱི་སློབ་གསོར་སེམས་བཅངས་ཀྱིས་དེ་ལ་སྨན་པའི་བྱ་བ་ཆུང་ཙག་ཞིག་སྤེལ་འདུག་ཅིང་། དེས་ཀྱང་འོ་སྐོལ་དག་ལ་ཕན་པ་མི་ཆུང་བ་རེ་ཐོགས་རེ་འདུག་གཤིས།  རྩམ་ཁུག་དྲ་བས་ཀྱང་ཆེད་དུ་སློབ་འབྲིང་བོད་སྐད་ཡིག་གི་སྨྱན་མང་ཁྲིད་ཆས་དག་ཕྱོགས་བསྒྲིགས་གིས་རྒན་ལགས་རྣམས་ལ་ཕབ་ལེན་དང་བེད་སྤྱོད་གནང་རྒྱུར་སྟབས་བདེ་བསྐྲུན་པ་ཁོ་ན་ལགས།     དེ་བས་འདིར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་༢༠༡༦ལོའི་བོད་སྐད་ཡིག་འཛིན་གྲྭའི་དགེ་སློབ་ཡོངས་ལ་བཀའ་དྲིན་ཆེ་ཆེད་དུ་ཞུའོ།
           
    རྩམ་ཁུག་དྲ་བའི་རྩོམ་སྒྲིག་པས།
     
    དམའ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞིའི་གསལ་བཤད།
         སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞི་ཕྱོགས་བསྒྲིགས་འདིར། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བོད་ཡིག་བསླབ་གཞི་ལས་ལོ་རིམ་བདུན་པ་ནས་དགུ་པའི་བར་གྱི་ངེས་སྦྱོང་སློབ་ཚན༡༥༠ཙམ་གྱི་སློབ་ཁྲིད་གྲ་སྒྲིག་དང་སྨྱན་མང་འཁྲིད་གཞི༼ppt༽ཡོད། འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༢༠༡༦ལོའི་རྩོམ་རིག་དགེ་ཐོན་འཛིན་གྲྭའི་སློབ་མ་ཡོངས་ཀྱིས༢༠༡༨ལོའི་སྤྱི་ཟླ༡༠པའི་ཟླ་དཀྱིལ་ཚུན་དུ་ཕྱོགས་བསྒྲིགས་བྱས་པ་ཡིན།
        འདིའི་དམིགས་ཡུལ་དང་ལས་རིམ་རགས་ཙམ་ཞུས་ན། ཐོག་མའི་ཀུན་སློང་ནི་དགེ་ཐོན་ཁ་ཕྱོགས་ཀྱི་སློབ་མ་རྣམས་ལས་ཚབ་དངོས་སྦྱོང་ལ་བསྐྱོད་པར་སྦྱོང་བརྡར་དང་གྲ་སྒྲིག་གི་ཚུལ་དུ་དཔེ་མཚོན་སློབ་ཚན་སྐོར་ཞིག་ལ་གྲ་སྒྲིག་བྱས་པ་ཡིན་མོད། བར་དུ་རྒྱུས་ལོན་བྱུང་བ་ལྟར་ན། ལྗོངས་ཞིང་ལྔའི་ས་ཁུལ་ཕལ་མོ་ཆེར་སྤྱིར་བོད་ཡིག་སྐོར་གྱི་འཁྲིད་གཞི་ཉུང་བའམ། ཆ་མི་ཚང་བའམ། སྤུས་ཞན་པའམ། ཚད་ལྡན་ཉུང་བ་སོགས་ཀྱི་གཏམ་ཐོས་པས། ཞོར་དུ་དེ་ལ་ཞབས་འདེགས་དང་ཁ་སྐོང་ཙམ་དུ་འགྱུར་ན་སྙམ་པའི་སྤོབས་པ་ཆེར་བསྐྱེད་ཀྱིས་ལྟ་ཀློག་སློབ་ཚན་རྣམས་ཕུད་པའི་ངེས་སྦྱོང་སློབ་ཚན་ཡོངས་རྫོགས་ལ་སློབ་ཁྲིད་གྲ་སྒྲིག་རེ་དང་སྨྱན་མང་འཁྲིད་གཞི་རེ་བཟོས་པ་ཡིན། འདིའི་ལས་རིམ་དུ་འཛིན་གྲྭའི་སྐྱོར་དཔོན་དང་ལས་སྣ་རྣམས་ཀྱིས་ལུས་ཤུགས་སེམས་ཤུགས་ཡོད་རྒུས་སྣེ་ཁྲིད་ནས་སྔ་ཕྱིར་བསྡོམས་པས་ལས་རིམ་བཞི་བརྒྱུད་ཡོད་དེ། ཐོག་མར་རང་འཛིན་གྲྭའི་སློབ་མ་རྣམས་ཚན་ཁག་བགོས་ནས། རང་གི་འཇོན་ནུས་དང་དགའ་ཕྱོགས་ལྟར་སློབ་ཚན་གསུམ་བཞི་རེ་ལ་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞི་བཟོས་པ་དང་། བར་དུ་འཛིན་གྲྭའི་ཆུ་ཚད་བཟང་གྲས་རྣམས་ཡང་བསྐྱར་ཚན་ཁག་བགོས་ནས་ཞུ་དག་རིམ་པ་གཉིས་རེ་སོང་ཡོད། དེའི་གོ་རིམ་དུ་ང་ཚོར་མཚོན་ན་ཀུན་སློང་གཙང་མ་ཞིག་ཡོད་པ་ཙམ་ལས་ཤེས་བྱ་ཡི་ཆུ་ཚད་དང་། སློབ་ཁྲིད་ཀྱི་ལག་ལེན། ཆེད་ལས་ཀྱི་ཉམས་མྱོང་སོགས་ཤིན་ཏུ་ཞན་པས། གཞི་རིམ་གྱི་དགེ་རྒན་ཆུ་ཚད་ཅན་དང་། ལག་ལེན་ཅན། ཉམས་མྱོང་ཅན། ལྷག་བསམ་ཅན་དག་ལ་རེ་ལྟོས་ཆེན་པོ་བཅངས་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། མཚོ་ལྷོ་ཁུལ་གྱི་བྲག་དཀར་རྫོང་དང་། འབའ་རྫོང་། མང་རྫོང་། གསེར་ཆེན་རྫོང་། མཚོ་ཤར་ཁུལ་གྱི་ཕྱོགས་ཁ༼ཡ་རྫི༽རྫོང་བཅས་ཀྱི་སློབ་འབྲིང་བཅོ་ལྔའི་ནང་དུ་ཐེངས་གཉིས་ལ་དངོས་བསྐྱོད་སྒོས། ཐེངས་སྔོན་མར་ཁོ་ཚོ་ལས་དཔྱད་གཞིའི་རྒྱུ་ཆ་གང་འཛོམས་སྡུད་སྒྲིག་བྱས་པ་དང་། ཐེངས་གཉིས་པར་ང་ཚོས་ཕྱོགས་བསྒྲིགས་བྱས་ཟིན་པའི་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞི་ཆ་ཚང་གི་ཐོག་མའི་རྣམ་པ་ལ། དགེ་རྒན་ཁོང་ཚོས་གསེར་ལས་དཀོན་པའི་དགོངས་འཆར་མང་པོ་གསུངས་པ་དང་ལྷན་དུ་ཞུ་དག་རིམ་པ་ཐེངས་གཅིག་གནང་། དེ་བས་གྲ་སྒྲིག་དང་འཁྲིད་གཞི་ཕྱོགས་སྒྲིག་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་སློབ་གྲྭ་དང་ལས་སྣ་དག་གི་ལྷག་བསམ་ལ་རྗེས་སུ་ཡི་རང་དང་། ཕྱག་རྗེས་ལ་བཀའ་དྲིན་མཚོན་ཕྱིར་དུ། ཐོག་མའི་སྐྱ་ཐིག་སྒྲིག་མཁན་དང་ཞུ་དག་སྔ་ཕྱི་བར་གསུམ་གཏོང་མཁན་ཏེ། རང་འཛིན་གྲྭའི་སློབ་མ་དང་། གཞི་རིམ་གྱི་དགེ་རྒན། དེ་དག་སློབ་གྲྭ་གང་ལ་གཏོགས་པ་སོགས་ལས་རིམ་ལྟར་གྲ་སྒྲིག་དང་འཁྲིད་གཞིའི་མཇུག་ཏུ་གསལ་པོར་བཀོད་ཡོད།
        མཇུག་མཐར། གཞི་རིམ་གྱི་སློབ་འབྲིང་སོ་སོའི་སློབ་གཙོ་དང་། ཚན་གཙོ། བོད་ཡིག་དགེ་རྒན་རྣམས་ཀྱིས་ལས་རིམ་འདི་ལ་ཐུགས་ཁུར་ཟབ་བཞེས་དང་། དགོངས་འཆར་ལྷུག་སྩོལ། རེ་སྐུལ་ནན་ཅན་སོགས་རྒྱབ་སྐྱོར་གང་ལེགས་ཐོབ་པ་ནི་བསམས་ཤིང་སྐུ་དྲིན་ཤིན་ཏུ་ལྕི་ཞིང་། དེ་བཞིན་བྲག་དཀར་རྫོང་གི་སློབ་འབྲིང་གཉིས་ཀ་དང་། གཅན་ཚ་རྫོང་གི་སློབ་འབྲིང་དང་པོ། ཕྱོགས་ཁ་རྫོང་གི་ཀ་རིང་སློབ་འབྲིང་བཅས་ཀྱིས་ང་ཚོའི་ལས་སྣ་དག་ལ་ཟ་འཐུང་དང་མགྲོན་ཁང་སོགས་མཐུན་རྐྱེན་ལེགས་པར་སྦྱར་བའི་བཀའ་དྲིན་ཁོ་ན་ཡང་ནམ་ཡང་བརྗེད་ཐབས་མེད་པའི་གནས་སོ། །གཞན་ཡང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དབུ་ཁྲིད་དག་ནས་ཀྱང་ལས་རིམ་འདི་ལ་ཐོག་མཐའ་ཀུན་ཏུ་མཐུན་རྐྱེན་ཅི་རིགས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་ཐོབ་པ་དག་ལ། འདིར་དཀྱུས་གཅིག་ཏུ་ཡང་བསྐྱར་འཛིན་གྲྭ་ཡོངས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག གྲ་སྒྲིག་དང་འཁྲིད་གཞི་འདི་གཉིས་ནི། ཆེན་པོ་བོད་ཀྱི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་ཡུན་དུ་གནས་པ་དང་། རེ་སྨོན་ཐམས་ཅད་ཀྱི་སྔོན་འགྲོ་གཞི་རིམ་སློབ་གསོ་དུས་དང་འཚམ་པ་དང་། འཕེལ་རྒྱས་ཐམས་ཅད་ཀྱི་རྩ་བ་མི་རིགས་སློབ་གསོ་གོང་དུ་འཕེལ་བའི་ཞབས་འདེགས་ཏེ། ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་འགྱུར་བར་རེ་བ་ཁོ་ནས།“རིགས་ཀྱི་རྒྱན་གྱུར”དེང་རབས་སློབ་ཆེན་པ་འགའི་ལྷག་བསམ་དང་སྙིང་ཁམས་ལས་བྱུང་བ་ཡིན་ཀྱང་། ང་ཚོ་ལ་ཆུ་ཚད་དང་། ལག་ལེན། ཐབས་ལམ། ཉམས་མྱོང་སོགས་ཤིན་ཏུ་ཞན་པའི་ཁར་སློབ་སྦྱོང་གི་འགན་ལྕི་བ་དང་། དུས་ཚོད་ཀྱི་ཡུན་ཐུང་བ་སོགས་ཀྱི་དབང་གིས་གཞི་རིམ་དགེ་རྒན་རྣམས་ཀྱི་དགོངས་འཆར་ཡོད་ཚད་རེ་ཞིག་ཇི་ལྟ་བ་བཞིན་དུ་ལེགས་འགྲུབ་མ་ཐུབ་པ་ལ་དགོངས་དག་ཞུ་བ་དང་། དེ་བཞིན་གྲ་སྒྲིག་དང་འཁྲིད་གཞི་ཡོངས་ལ་གཅིག་གྱུར་མ་བྱུང་བའམ། ཞིབ་ཆ་མ་ཐོན་པའམ། གནད་མ་ཟིན་པའམ། ཟུར་མ་ཚང་བའམ། དོན་ལོག་པའམ། ཚད་ལྡན་མིན་པའམ། འཆར་གཞི་དང་དམིགས་ཚད་དང་དཀའ་གཙོ་གནད་ནོར་བ་སོགས་བསླབ་ཚན་ཚད་གཞི་དང་མི་མཐུན་པའི་སྐྱོན་ཆ་ཅི་རིགས་ཤིག་ངེས་པར་ཡོད་སྲིད་པས། འདིར་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞི༼ppt༽ གཉིས་ཀའི་ཐོག་མའི་སྐྱ་ཐིག་ཙམ་ངེད་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དྲ་ཚིགས http://ti.qhmu.edu.cn/Show_1367.html སྟེང་དུ་སྤེལ་བ་ནི། མཁས་པའི་ལེགས་བཤད་འབོད་པའི་ཕོ་ཉའམ། སོ་ཕག་གཡུགས་ནས་གཡང་ཊི་འདྲེན་པའི་ཕྱིར་དུ་ཡིན་ན། སླད་མར་ཡང་རང་གི་སྐད་ཡིག་དང་གཞི་རིམ་སློབ་གསོ་ལ་ལྷག་བསམ་ཆེ་བ་དང་། ཁ་མིན་ལག་ལེན་ཅན་རྣམས་ཀྱིས་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་གཞི་འདི་ལ་སྐྱོན་བརྗོད་དང་། བཀའ་སློབ། མཛུབ་སྟོན་གང་མང་གནང་བར་རེ་བ་ཆེ་སྟེ། ང་ཚོས་སློབ་མཐར་ཕྱིན་པའི་བར་དུ་མུ་མཐུད་ལེགས་བཅོས་བརྒྱུད། མཐའ་མཇུག་ངེད་བོད་ཡིག་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་ཞུ་དག་རིམ་པ་གཅིག་དང་བཅས་དམའ་འབྲིང་ངེས་སྦྱོང་སློབ་ཚན༡༥༠ཡི་སློབ་ཁྲིད་གྲ་སྒྲིག་དང་། སྨྱན་མང་འཁྲིད་གཞི་གཉིས་ཀ་དྲ་བའི་སྟེང་དུ་སྤེལ་རྩིས་ཡིན།

    ༄༅། །དྲིན་ཅན་བཤེས་རྣམས་སྐུ་ཚེ་རྒྱལ་མཚན་བརྟན། །
    བརྩེ་ལྡན་སློབ་མའི་བསམ་དོན་ཆོས་བཞིན་འགྲུབ། །
    མི་རིགས་སློབ་གསོ་ཡར་ངོའི་ཟླ་ལྟར་འཕེལ། །

    ཤིས་པ་གསུམ་གྱིས་བོད་ཁམས་དགེ་གྱུར་ཅིག །
    ཅེས་པ་འདི་ནི་ལས་རིམ་འདིའི་འགོ་འཛིན་པ་འགྱུར་མེད་རྡོ་རྗེ་ནས་བོད་རབ་རྒྱན་རྣམ་འཕྱང་ས་ཁྱི་ལོ་སྟེ་ཕྱི་ལོ༢༠༡༨ལོའི་བོད་ཟླ༡༢པའི་ཚེས༡༥ཉིན་སྤེལ་པ་དགེ་ལེགས་འཕེལ། །
     
    བཀའ་སློབ་དང་མཛུབ་སྟོན་གནང་ཡུལ།  འགྱུར་མེད་རྡོ་རྗེ།
    འབྲེལ་གཏུགས་ཁ་པར།    18697141439
    གློག་རྡུལ་ཡིག་ཟམ།    jm18697141439@163.com
    སྦྲག་སྲིད་དང་ས་གནས། 青海省西宁市城东区八一中路3号 青海民族大学藏学院 吉美老师 (810007)
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图